དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན (རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-02

    ◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

     ཟླ་2ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན། ཀྲུང་གོའི་གངས་འཁྱགས་ལུས་རྩལ་པར་སྤྲིངས་པའི་འཕྲིན་ལན་དང་དེ་བཞིན་ཉེ་དུས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞི”དོན་འཁྱོལ་བྱེད་པ། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན་བྱེད་པ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་དེ། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་གསར་རྙིང་བསྡུར་བའི་སློབ་གསོ་བརྒྱུད་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་དྲིལ་བསྒྲགས་ཡག་པོ་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་པ་དང་། འཛམ་གླིང་གིས་དངོས་ཡོད་དང་ཕྱོགས་ཡོངས་ཀྱི་བོད་ལྗོངས་མཐོང་ཐུབ་པར་བྱས་ནས། བོད་ཀྱི“འགྲོ་བ་མིའི་ཐོབ་ཐང”སྐོར་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་རྫུན་གཏམ་ཐལ་བའི་རྡུལ་དུ་རློག་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དམངས་ཡོངས་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་དང་དམངས་ཡོངས་ལུས་སྦྱོང་བྱེད་པའི་ལུས་རྩལ་ཁྱབ་གདལ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རང་འགུལ་ཧུར་ཐག་དང་ཡུལ་བབ་ལ་བསྟུན་ནས་རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་གོང་འཕེལ་བཏང་སྟེ་མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལུས་རྩལ་བའི་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་བླངས་ཏེ། རང་རྟོགས་ངང་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་དང་། ལངས་ཕྱོགས། བྱ་ཐབས་བཅས་ལ་བརྟེན་ནས་གནད་དོན་དབྱེ་ཞིབ་དང་། ཞིབ་འཇུག ཐག་གཅོད་བཅས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་དམངས་འཚོ་ལེགས་གཏོང་དང་འགན་ལེན་གྱི་དགོས་མཁོ་དངོས་ལ་བསམ་གཞིག་གང་ལེགས། མིག་སྔ་དང་ཕུགས། དོན་དངོས་དང་འབྱུང་སྲིད་པ་ཚང་མར་ལྟ་རྟོག་བཅས་བྱས་ནས། ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ། ཉེ་དུས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཐད་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བར། ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་དུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་དང་། ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བ། སྟེས་དབང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་བསད། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བཅས་བྱས་ནས་བསམ་བློའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ་དང་། ཐབས་ཇུས་ཐད་གྲ་སྒྲིག་ཞིབ་ཚགས། ལས་ཀའི་ཐད་ནུས་ཤུགས་ཆེན་པོ་འདོན་པ་བཅས་ཐུབ་པར་བྱེད་དགོས། ལས་ཀའི་གཙོ་གནད་མངོན་གསལ་ཡོང་བར་བྱས་ཏེ་ཉམས་མྱོང་ལ་ཕྱོགས་སྡོམ་དང་། ཞན་ཆ་འཚོལ་ཞིབ། ཆུ་ཚད་མཐོར་གཏོང་། དོན་འཁྱོལ་ལ་དམ་འཛིན་བཅས་ལ་འབད་བརྩོན་བྱེད་པ་དང་། གཙོ་གནད་ཁུལ་དང་། གཙོ་གནད་མི་སྣ། གཙོ་གནད་ལྷུ་ཚིགས་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་བདེ་འཇགས་དང་། ཆོས་ལུགས་དོ་དམ། སྤྱི་ཚོགས་དོ་དམ་ཚོད་འཛིན། མི་མངོན་པའི་རྐྱེན་ངན་གྲལ་བཤེར། ཆ་འཕྲིན་ཞིབ་བཤེར་བརྡར་གཅོད། གླེང་ཕྱོགས་ཀྱི་ཁྲིད་སྟོན། བདེ་འཇགས་ཐོན་སྐྱེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་གཙོ་གནད་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་ལ་གནད་སྨིན་ངང་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ཏེ། སྔོན་ལ་དོགས་ཟོན་དང་། སྔ་ཙམ་ཤེས་པ། ཆུང་ས་ནས་ཐག་གཅོད་བཅས་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་བ་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ལས་དོན་ཞིབ་ཕྲར་དམ་འཛིན་དང་། གཞི་རིམ་གྱི་ལས་དོན་ལ་དམ་འཛིན། འགན་འཁྲི་ཞིབ་ཕྲར་དམ་འཛིན་བཅས་ལས་མངོན་པར་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བཅས་བྱས་ཏེ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་ལས་དོན་སྒྲུབ་སྟངས་དང་། འཇོན་ཐང་། ཆུ་ཚད་བཅས་ལ་ཞིབ་བཤེར་བྱེད་དགོས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བྱས་ནས་བརྟན་ལྷིང་འཆམ་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།