དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-01

    ཚེས་24ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་། སྲིད་གཞུང་གཞུང་དོན་ཐིང་གི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐུལ་སྤེལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆི་གཞུང་དོན་ཐིང་གི་ཁྲུའུ་དང་ཁོའོ་ཧྲི་ཁག་ཏུ་ཕེབས་ཏེ་གཞུང་དོན་ཐིང་གི་ཞབས་ཞུ་འགན་ལེན་དང་། ལས་ཁུངས་སྒྱུར་བཅོས། སྤྱོད་ཚུལ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། གཞུང་ཡིག་འཁོར་སྤྲོད་དང་། ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྱོང་། ལས་རེས་འཕྲལ་སྡོམ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་གནང་བ་རེད། སྲིད་གཞུང་གཞུང་དོན་ཐིང་གི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐུལ་སྤེལ་ཚོགས་འདུའི་ཐོག་ཁོང་གིས་གཞུང་དོན་ཐིང་གིས་གོང་འབུལ་གཤམ་སྤྲོད་དང་།ཕྱོགས་ཁག་མཐུན་སྦྱོར། ཞབས་ཞུ་འགན་ལེན་སོགས་ཀྱི་འགན་ནུས་གལ་ཆེན་འཁུར་བཞིན་ཡོད། ཁྱེད་ཚོའི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ཆེན་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་དོན་ཐིང་གི་ལས་དོན་ཐད་གནང་བའི“མཐའ་འཁྱོངས་ལྔའི”སྐོར་གྱི་འཛུམ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱོད་ཚུལ་ལེགས་གཏོང་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ཐུགས་བློ་བདེ་བ་དང་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་ཧུར་ཐག་སྐྲུན་དགོས་ཞེས་བསྟན་གནང་བ་རེད།

    ཁྲེན་ཡུང་ཆིས། ཆབ་སྲིད་ལས་ཁུངས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཤིང་། ཆབ་སྲིད་ཐད་ཀྱི་ལྷག་བསམ་རྣམ་དག་བརྟན་པོར་སྲུང་བ་དང་། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་སྲུང་བ་དང་འགན་འཁྲི་ལྗིད་པོ་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་དགོས། སློབ་སྦྱོང་ལས་ཁུངས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏིག་སྤྱོད་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་ལོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་དགོས། ལས་གང་ཞིག་བྱེད་ཀྱང་དེར་དགའ་ཞེན་བྱེད་པ་དང་གང་ཞིག་སྦྱངས་ཀྱང་དེར་མཁས་པར་གྱུར་བ་བྱས་ཏེ་མི་སྒེར་གྱི་འཇོན་ཐང་དང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རིགས་གཅིག་ལ་མཁས་ཤིང་ག་བཏང་གོ་ཆོད་ཀྱི་ལས་བྱེད་པ་ཞིག་ཧུར་ཐག་བྱེད་དགོས། ཞབས་ཞུའི་ལས་ཁུངས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཤིང་། སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་ནས“ངེས་པར་དུ་བྱེད་དགོས་པ་བརྒྱད”དང“རང་དཔེ་གཞན་སྟོན་དྲུག”གི་བླང་བྱ་དང་བསྡུར་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས། འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་ཀྱིས་ཏན་ཏིག་ཞིབ་ཚགས་དང་། ཡག་ཐོག་ཡག་བརྩེགས་ཐུབ་པར་བྱས་ཏེ་ཡིག་ཆ་འབྲི་བ་དང་། ཚོགས་འདུ་གྲ་སྒྲིག དོན་དག་སྒྲུབ་པ་བཅས་ཀྱི་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ལ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཇུས་འདོན་སྲིད་སྐྱོང་གི་ཆུ་ཚད་མཐོ་རུའང་གཏོང་དགོས། མཐུན་སྒྲིལ་ལྡན་པའི་ལས་ཁུངས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཁག་དང་དཔུང་ཁག་འཛུགས་རྒྱུ་འཇུག་གཞིར་བྱས་ནས་གོང་བུ་སྒྲིལ་ནུས་དང་འཐབ་ནུས་ཆེ་རུ་གཏོང་བ། ལས་བྱེད་པར་ཐུགས་ཁུར་དང་དོ་ཁུར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རྣམ་པ་བཟང་པོ་གཏོད་པ་བཅས་བྱེད་དགོས། སྲིད་གཙང་ལས་ཁུངས་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཤིང་། རྩ་བའི་དགོངས་གཞི་ནན་པོ་བརྟན་པོར་སྲུང་བ་དང་། སྲིད་གཙང་གི་འགན་འཁྲི་འཁུར་བ། གཟབ་ཅིང་ཞིབ་ཚགས་སར་དམ་པོར་དམིགས་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།