དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-01

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་གྲ་སྒྲིག་དང་སྤུས་ཚད་མཐོ་པོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བ་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་བོད་ལྗོངས་འགྲེམས་ཚོགས་ནི་བོད་ཀྱི་རྒྱལ་སྤྱིའི་རྣམ་པའི་རྩེར་སོན་འགྲེམས་ཚོགས་འབའ་ཞིག་དེ་རེད་ལ་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་བོད་ཀྱི་ཡར་ཐོན་གཟུགས་བརྙན་མངོན་པར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་པའི་གལ་ཆེའི་དུས་སྐབས་སུ་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་གྲབས་གཉེར་ཡག་པོ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། སེམས་ཤུགས་གཅིག་སྒྲིལ། གོམ་སྟབས་གཅིག་གྱུར་བཅས་བྱས་ཏེ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། སྤྱིའི་ཇུས་གཞི་དང་ཞིབ་བསྡུར་ནན་པོ་བྱེད་པ། འགན་འཁྲི་ཁག་བགོས་ཁ་གསལ་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། གྲ་སྒྲིག་ལས་དོན་ལ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བོད་ལྗོངས་འགྲེམས་ཚོཌ་སྐབས་ལྔ་པ་དེ་ཆེད་ལས་ཅན་དང་། རྒྱལ་སྤྱི་ཅན། ཁྲོམ་ར་ཅན་བཅས་ཀྱི་འགྲེམས་ཚོགས་ཤིག་ཏུ་གཉེར་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད། 

    ཚོགས་འདུའི་ཐོག་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ལག་ལེན་བསྟར་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་སྐོང་ཐུབ་པ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དགོས་ངེས་ཀྱི་དོན་སྙིང་ཞིག་བཅས་རེད། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་ནུས་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱེད་པ་དང་། རིམས་ནད་ཚབས་ཆེན་དང་མངོན་གསལ་དོད་པའི་སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་འགོག་ཟོན་ནུས་ལྡན་དང་དེ་བསལ་ནས་བདེ་ཐང་བོད་ལྗོངས་མགྱོགས་མྱུར་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་བྱས་པ་རེད། སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་དང་འཕྲོད་བསྟེན་བདེ་ཐང་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་སྐོང་ཐབས་བྱ་རྒྱུ་དེ་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་སན་མིང་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་གཏོང་བ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་དང་སྨན་བཅོས་བཅས་མཉམ་འགུལ་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ། རིམ་དབྱེའི་སྨན་བཅོས་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཁྱབ་རྒྱ་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ས་གནས་དེ་གའི་ཤེས་ལྡན་མི་སྣའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱེད་པ་བཅས་བྱས་ནས། བོད་ཀྱི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ནུས་ལྡན་འཛུགས་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ད་དུང་ས་ཞིང་ནང་བཤུག་གི་ཡོང་འབབ་བེད་སྤྱོད་ཁྱབ་ཁོངས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།