ཚེས་22ཉིན་གྱི་སྔ་དྲོ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། དམངས་སྤྱོད་མཁའ་འགྲུལ་ཅུས་བཅས་ཀྱིས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་ལྗོངས་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་གྲོལ་རྗེས་ཁྲེན་ཡུང་ཆིས་འཕྲལ་མར་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།
ཁྲེན་ཡུང་ཆིས་ཞབས་ཞུའི་ལས་རིགས་ནི་དེང་རབས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། ལས་ཞུགས་བརྟན་པོ་དང་ཁྲོམ་རའི་བྱེད་པོ་འགན་ལེན་གྱི་འགག་རྩ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ད་རེས་ཀྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ《ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་འགའ་ཞིག》ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལྟར་སྡེ་ཚན་དབར་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་གཏོང་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་དང་ཞིབ་ཕྲའི་ལས་ཀའི་ཇུས་གཞི་དུས་ཚོད་དམ་འཛིན་བྱས་ནས་བཟོ་བ་དང་། ལས་འགན་ཁག་བགོས་ཞིབ་ཕྲ་བྱེད་པ། དུས་ཚོད་རེའུ་མིག་དང་ལམ་རིས་ཁ་གསལ་བཟོ་བ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། གནད་སྨིན་ཇུས་འདོན་བྱས་ནས་ཐད་ཀར་ལག་བསྟར་བྱེད་ཆོག་པའི་སྲིད་ཇུས་དང་བྱ་ཐབས་རིགས་འཕྲལ་མར་སྒྲིག་འཛུགས་ལག་བསྟར་བྱས་ཏེ་ཁེ་ལས་ལ་སྲིད་ཇུས་ཀྱི་ཕན་པ་སྔ་ཙམ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། སྲིད་ཇུས་དང་བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་དགོས་པར་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་སྲིད་ཇུས་ལག་བསྟར་བྱ་ཐབས་དང་ཆེད་དོན་ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་ཏེ་ཁྲལ་བསྡུ་དང་། ཁང་པའི་བོགས་དངུལ། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སོགས་ཆག་ཡང་དང་རྩ་ཆག་གཏོང་བ་དང་། དེ་བཞིན་རིམས་འགོག་གཏོང་སྒོའི་ཁ་གསབ་དང་། ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་གཏོང་ཕྱིར་སློག་དངུལ། དངུལ་རྩའི་རྒྱབ་སྐྱོར་སོགས་ལ་དམིགས་ཏེ་ཁྱབ་ཁོངས་དབྱེ་ནས་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་བྱེད་པའི་ཞིབ་ཕྲའི་བྱ་ཐབས་འདོན་པ། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཡུལ་བབ་དང་བསྟུན་ནས་དེ་མཚུངས་ཀྱི་སྲིད་ཇུས་འདོན་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་གཙོ་གནད་ལས་དོན་དང་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་གི་ཁྱབ་ཁོངས་སུ་འཇུག་པ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རྗེས་སྙེག་ཕན་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ། སླར་གསོ་འཕེལ་རྒྱས་ལས་དོན་གྱི་མཉམ་སྡེབ་བྱེད་ཐབས་མཐའ་གཅིག་ཏུ་ཡག་པོ་སྤྱོད་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་ཚིགས་དང་པོའི་འགོ་ཡག་པོ་འཛུགས་པ་དང་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་དགོས། རང་འགུལ་ངང་ཞབས་འདེགས་ཞུ་བ་དང་སྲིད་ཇུས་གསལ་འགྲེལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རེ་འབོད་དང་དོ་ཁུར་ལ་དུས་ཐོག་ཏུ་ལན་རྒྱག་པ། ལས་ཀའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་བྱེད་པར་དོ་སྣང་བྱེད་པ། སྔོན་ཐོན་དཔེ་མཚོན་སྔོག་འདོན་དང་ཁྱབ་སྤེལ་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་རྣམ་པ་བཟང་པོ་ཞིག་གཏོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས“གནད་སྨིན་བཞི”དང“བྱེད་མི་རུང་བ་བརྒྱད”ཀྱི་བླང་བྱར་ནན་པོ་གཞིགས་ནས་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་དོ་ཁུར་ཟབ་མོ་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། ཚན་རིག་དང་མཐུན་ལ་གནད་སྨིན་ཡོང་བར་འབད་བརྩོན་བྱེད་པ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།