ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྟག་ལུང་དགོན་དང་རྭ་སྒྲེང་དགོན་དུ་བརྟག་ཞིབ་གནང་བ་རེད།
སྟག་ལུང་དགོན་དང་རྭ་སྒྲེང་དགོན་དུ་ཡན་ཅིན་ཧའེ་ཡིས་དགོན་པའི་ལོ་རྒྱུས་དང་། དགེ་འདུན་པའི་སྒོམ་སྒྲུབ་གནས་ཚུལ། དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་རྒྱག་ཚུལ། རིག་དངོས་སྲུང་སྐྱོབ་བྱས་ཚུལ་སོགས་ལ་མཁྱེན་རྟོགས་ནན་ཏན་གནང་བ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་ནས་ཚང་མར་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར་བདེ་སྐྱིད་ཁམས་བཟང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྐབས་ཡན་ཅིན་ཧའེ་ཡིས་ཚང་མའི་སློབ་སྦྱོང་དང་། སྒོམ་སྒྲུབ། སྨན་བཅོས། འཚོ་བའི་ཆ་རྐྱེན་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྒྱ་ཆེའི་དགེ་འདུན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། “ཕན་འདོགས་པ་ལྔའི”བླང་བྱ་མཐའ་འཁྱོངས་བྱེད་པ། “ཚད་གཞི་བཞིར”བརྩི་སྲུང་ཞུ་བ། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། རྒྱལ་ཁབ་དཔལ་གྱིས་བརྒྱན་པ། འགྲོ་བ་བདེ་ལམ་དུ་འགོད་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱེད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་སྐབས་ཡན་ཅིན་ཧའེ་ཡིས་རིག་དངོས་ནི་ལོ་རྒྱུས་རིག་གནས་ཀྱི་ཉིང་བཅུད་ཡིན་པས་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བྱ་ཐབས་གང་ཡོད་སྤྱད་དེ་རིག་དངོས་ཉམས་བཟོ་དང་དོ་དམ་བྱེད་པ། ལོ་རྒྱུས་རིག་དངོས་ཀྱི་ཉམས་འགྱུར་ཉར་ཚགས་དང་འགྲེམས་སྟོན་ཡག་པོ་བྱེད་དགོས། དགོན་སྡེ་ཚད་ལྡན་ཅན་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་དང་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་བརྟེན་ནས་རྒྱ་ཆེའི་གྲྭ་དམངས་ཚོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། རང་རྟོགས་ངང“མོས་སེམས་ལྔ”ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས། དགོན་སྡོད་ཚན་པས་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཇུས་འཐུས་ཚང་དུ་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་བྱེད་པ། རྟག་ཏུ་དོགས་ཟོན་བྱེད་པ་བཅས་ལ་བརྟེན་ནས་དགོན་སྡེ་དོ་དམ་དང་བརྟན་ལྷིང་སྲུང་སྐྱོང་ཁྲོད་ནས་འགན་སེམས་མཚོན་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།