དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་བ་དང་། ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-02-24

    ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་གང་ལེགས་ཐུབ་པ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། 2021ལོར་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ཁོངས་གཏོགས་ཀྱིས་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་ཞུགས་བརྟན་པོ་དང་། ལས་ཞུགས་འགན་ལེན། ལས་གཏོད་ལ་སྐུལ་འདེད་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་དང་། ནུས་ཤུགས་ཆེ་བ་དང་། ཚད་བརྒལ་རང་བཞིན། སྡེབ་སྒྲིག་རྣམ་པ་བཅས་ཀྱི་སྲིད་ཇུས་བྱ་ཐབས་ལ་བརྟེན་ནས་ལས་ཞུགས་ཀྱི་དུས་བབ་བརྟན་པོ་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འདིར་ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་བློ་མཐུན་ཚང་མར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ནི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་ཆེ་ཤོས་ཡིན་ལ། སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་སྲུང་གལ་ཆེན་ཡང་ཡིན་པས། ངེས་པར་དུ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལས་ཞུགས་ལས་གཏོད་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལག་བསྟར་ཧུར་ཐག་བྱེད་པ།  ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱེད་པ། སྤུས་ཚད་དེ་བས་ལེགས་པ་དང་ཁྱབ་རྒྱ་དེ་བས་ཆེ་བའི་ལས་ཞུགས་ཞབས་ཞུ་སྒྲུབ་པ། ཆ་རྐྱེན་དེ་བས་ལེགས་པའི་ལས་ཞུགས་ཁོར་ཡུག་གཏོད་པ། སྤུས་ཚད་དེ་བས་ལེགས་པ་དང་དེ་བས་ཡག་པའི་ལས་ཞུགས་ཐུབ་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཚེས་22ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལའེ་ཅའོ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཤའོ་ཡིའུ་ཚའེ་ཡིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། རྒྱལ་མཚན་དང་། འཇམ་དཔལ། ཝང་ཡུང་བཅས་ཚོགས་འདུར་ཞུགས་པ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ལས་ཞུགས་ལས་གཏོད་ཀྱི་འདུ་འགོད་ནི་རང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི་ཨང་དང་པོ་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་དེ་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དོན་འཁྱོལ་ཡོང་བ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར་དམིགས་ཚད་ལས་འགན་དོན་འཁྱོལ་ཏན་ཏིག་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས་པ་སྟེ། གཅིག་ནས་དཔལ་འབྱོར་འཕེལ་རྒྱས་དང་ཁྲོམ་རས་བསྡུ་ལེན་བྱེད་ཤུགས་ཆེ་རུ་བཏང་ནས“བརྟན་པོ་དྲུག་དང་འགན་ལེན་དྲུག”དོན་འཁྱོལ་ནན་ཏན་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་ལས་ཞུགས་ལས་སྟེགས་རྒྱ་སྐྱེད་དུ་གཏོང་བ། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་མ་དངུལ་གནད་ལ་འཁྱོལ་ཚད་དང་སྟབས་བདེ་ཚད་སྔར་བས་མཐོ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་འཛུགས་སྐྱོང་ལོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། རིག་གནས་ཡུལ་སྐོར་དང་། ལྗང་མདོག་བཟོ་ལས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ལས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གང་མགྱོགས་གཏོང་བ་བཅས་བྱས་ཏེ་ཐོན་ལས་དང་ལས་ཞུགས་ཟུང་འབྲེལ་དང་ཐོན་ལས་དང་ལས་ཞུགས་འབྲེལ་མཐུད་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གཉིས་ནས་རྩལ་ནུས་གསོ་སྦྱོང་དང་གཙོ་གནད་ཚོགས་སྤྱིར་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་མང་ཚོགས་ཀྱི་ངལ་རྩོལ་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་རིགས་ལག་རྩལ་སློབ་གསོ་དང་། རྩལ་ནུས་ལག་ཤེས་སློབ་གསོ། རིགས་ཁག་གི་གསོ་སྦྱོང་རྟེན་གཞི་སོགས་ལས་སྟེགས་ཀྱི་འཐབ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མངགས་ཐོའི་རྣམ་པའི་གསོ་སྦྱོང་དང་སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་གྱི་གསོ་སྦྱོང་རྒྱ་ཁྱབ་ཏུ་བྱས་ནས་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གཞི་ཁྱོན་ཆེན་པོས་གསོ་སྐྱོང་བྱེད་དགོས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ། དམག་ཞབས་ཐིམ་པའི་དམག་མི་བཅས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་ལས་ཞུགས་བརྟན་པོ་དང་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་ལས་གཏོད་ལས་དོན་གྱི་འགོ་ཁྲིད་གཙོ་བོའི་འདུ་འགོད་དོན་འཁྱོལ་ཡག་པོ་བྱས་ནས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་དཔོག་གི་ཕན་འབྲས་འདྲི་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་འཐབ་ཕྱོགས་ཀྱིས་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་ཡག་པོ་ཞིག་བྱེད་དགོས་པ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་ཐོན་དཔེ་མཚོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དྲང་ནུས་བརྒྱུད་སྤེལ་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཁག་གིས་སྔར་རྒྱུན་བཞིན་རང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱེད་རྒྱུའི་རེ་བ་སྙིང་དབུས་ནས་བཅངས་ཡོད།

    ཚོགས་འདུའི་ཐོག་ལས་ཞུགས་ལས་གཏོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད། ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་མཁན་འཐུས་མིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།