དབུ་ཤོག>སྲིད་དོན།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-23

    (2007ལོའི་ཟླ་11ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2021ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་དག་བཅོས་བྱས)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2021〕ཡིག་ཨང་7པ།

    《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2021ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། 2021ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2021ལོའི་ཟླ་7ཚེས་29ཉིན།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལུགས་མཐུན་བྱས་ཏེ་སོན་རིགས་སྒྲུག་འདེབས་དང་། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་། དེ་བཞིན་དོ་དམ་བཅས་ཀྱི་བྱ་སྤྱོད་ཚད་ལྡན་བཟོས་ཤིང་། རྩི་ཤིང་གི་སོན་རིགས་གསར་པའི་སོན་རྒྱུའི་བདག་དབང་སྲུང་སྐྱོབ་བྱས་ནས་སོན་རིགས་སྒྲུག་འདེབས་བྱེད་མཁན་དང་། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན། དེ་བཞིན་བེད་སྤྱོད་བྱེད་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། ས་བོན་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་། ས་བོན་ཐོན་ལས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བ་དང་སྦྲགས། དེང་རབས་ཀྱི་སོན་ལས་གོང་འཕེལ་བཏང་ནས་ས་བོན་མཁོ་འདོན་བདེ་འཇགས་དང་། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ཡོང་བ་བྱས་ཏེ་ཞིང་ལས་དང་ནགས་རྩྭའི་ལས་རིགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་། སོན་བཟང་སྒྲུག་འདེབས། སོན་བཟང་ནང་འདྲེན། དཔེ་སྟོན། ཁྱབ་གདལ། གྲབས་གསོག དེ་བཞིན་ས་བོན་གྱི་ཐོན་སྐྱེད་གཉེར་སྐྱོང་དང་། བེད་སྤྱོད། ལྟ་སྐུལ་དོ་དམ་སོགས་ཀྱི་ལས་སྒོ་གཉེར་སྐབས་བྱ་ཐབས་འདི་སྤྱད་ན་འཐུས།

    བྱ་ཐབས་འདིའི་ནང་འཁོད་པའི་ས་བོན་ཞེས་པ་ནི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་འདེབས་འཛུགས་རྒྱུ་ཆའམ་ཡང་ན་སྐྱེ་འཕེལ་རྒྱུ་ཆར་ཟེར་ཞིང་། དེའི་ནང་འབྲུ་གུ་དང་། འབྲས་བུ། རྩ་བ། སྡོང་པོ། ལྗང་པ། མྱུ་གུ། ཡལ་འདབ། མེ་ཏོག་སོགས་ཚུད་ཡོད།

    དོན་ཚན་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཞིང་ལས་དང་ནགས་རྩྭའི་ལས་རིགས་གོང་འཕེལ་གཏོང་བའི་དགོས་མཁོར་གཞིགས་ནས་སོན་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་བ་དང་སྦྲགས་ལག་བསྟར་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས།

    སློབ་ཁྲིད་དང་དེ་བཞིན་ཚན་ཞིབ་ལས་ཁུངས་དང་། སོན་བཟང་རྟེན་གཞི། ཁེ་ལས་སོགས་ཚན་པ་དང་མི་སྒེར་གྱིས་སོན་རྒྱུའི་ཐོན་ཁུངས་བསྡུ་རུབ་བྱས་ཏེ་སྲུང་སྐྱོབ་དང་། སོན་བཟང་སྒྲུག་འདེབས། ཚོད་ལྟ་དཔེ་སྟོན། ཁྱབ་གདལ་བཅས་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་རྒྱུ།

    སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་། སོན་བཟང་སྒྲུག་འདེབས། ཁྱབ་གདལ་སོགས་བྱེད་པའི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཚན་པ་དང་མི་སྒེར་ལ་བྱ་དགའ་སྤྲོད་རྒྱུ།

    དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་བོན་གྱི་ལས་དོན་ལ་སྒྲིག་འཛུགས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་འགན་སྲུང་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་དང་། སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་གནས་དེ་གའི་ལེགས་ཆ་ཆེ་བའི་ཁྱད་ལྡན་སོན་རིགས་མངོན་ཆེར་བཟུང་ནས་གོང་འཕེལ་གཏོང་བ་དང་། སོན་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ས་བོན་གྱི་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་སྐྱེད་ཐད་སྤྱོད་པའི་ས་བོན་གྱི་བདེ་འཇགས་འགན་སྲུང་ཐུབ་པ་བྱས་ཏེ་དེང་རབས་ཀྱི་སོན་ལས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་བོན་གྱི་དོ་དམ་ལས་དོན་ཐད་མཁོ་བའི་འགྲོ་གྲོན་འགན་སྲུང་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ས་གནས་དེ་གའི་ལེགས་ཆ་ཆེ་བའི་ཁྱད་ལྡན་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་། སོན་རིགས་སྒྲུག་འདེབས། འབྲས་བུ་དངོས་སྒྱུར་བཅས་བྱེད་རྒྱུར་ནོར་སྲིད་དང་ཡིད་རྟོན་དངུལ་བུན་སོགས་ཐད་ནས་རོགས་སྐྱོར་བྱས་ཏེ། ཐོན་ལས་གོང་འཕེལ་གཏོང་བའི་དགོས་མཁོ་དང་འཚམ་པའི་སྤུས་ལེགས་སོན་རིགས་ཁྱབ་གདལ་གཏོང་དགོས།

    དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་ས་བོན་ལས་དོན་ལ་ཁག་སོ་སོར་འགན་འཁུར་དགོས་པ་དང་། དེའི་འགན་འཁྲི་གཙོ་བོ་ནི།

    (གཅིག)ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་ས་བོན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་བསྟར་བྱེད་རྒྱུ་དང་།

    (གཉིས)སོན་ལས་གོང་འཕེལ་གཏོང་བའི་འཆར་འགོད་ལག་བསྟར་བྱེད་རྒྱུ།

    (གསུམ)སོན་རྒྱུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་འགན་འཁུར་རྒྱུ།

    (བཞི)ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་འཁྲོལ་འཛིན་ཁྲིམས་བཞིན་དཔྱད་སྤྲོད་དང་དོ་དམ་བྱེད་འགན་འཁུར་བ་དང་སྦྲགས། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོར་ལྟ་སྐུལ་དང་། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་ཁྲོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ཞིབ་བཤེར་ཐག་གཅོད། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་རྩོད་གཞི་འདུམ་འགྲིག་བཅས་བྱེད་རྒྱུ།

    (ལྔ)ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་། སོན་རིགས་སྒྲུག་འདེབས། སོན་བཟང་ནང་འདྲེན། ལེགས་གསོ། ཚོད་ལྟ། དཔེ་སྟོན། སྐྱེ་གསོ་བཅས་བྱེད་རྒྱུ་སྒྲིག་འཛུགས་ཀྱིས་ཁྱབ་གདལ་གཏོང་རྒྱུའི་འཆར་གཞི་བཟོ་བ་དང་ཆ་འཕྲིན་འགྲེམས་བསྒྲགས་བྱེད་རྒྱུ།

    (དྲུག)གེགས་སེལ་མུག་སྐྱོབ་ཐད་མཁོ་བའི་ས་བོན་གྲབས་གསོག་གི་ལས་འགན་དོན་འཁྱོལ་སྒྲིག་འཛུགས་བྱེད་རྒྱུ་མ་ཟད། དུས་བཀག་ལྟར་གྲབས་གསོག་གི་ས་བོན་ལ་བརྟག་བཤེར་དང་གསར་བརྗེས་བྱས་ཏེ་ས་བོན་གྱི་སྤུས་ཚད་འགན་ལེན་བྱེད་རྒྱུ།

    (བདུན)ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་དང་དོ་དམ་སོགས་བྱེད་མཁན་འབྲེལ་ཡོད་མི་སྣའི་སྦྱོང་བརྡར་སྤེལ་རེས་སྒྲིག་འཛུགས་བྱེད་རྒྱུ།

    (བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། ཚན་རྩལ། ནོར་སྲིད། ཁྲོམ་ར་ལྟ་སྡོམ། ནད་ཡམས་བརྟག་ཞིབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་འབྲེལ་ཡོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་བོན་གྲབས་གསོག་གི་ལམ་ལུགས་འཛུགས་དགོས། ཞིང་ལས་དང་ནགས་རྩྭའི་ལས་རིགས་ཀྱི་ཐོན་སྐྱེད་བདེ་འཇགས་ཡོང་བར་འགན་སྲུང་བྱས་ཏེ། གེགས་སེལ་མུག་སྐྱོབ་ཐད་ཀྱི་མཁོ་དགོས་དང་ཁྲོམ་རའི་ཆད་ལྷག་སྙོམ་སྒྲིག་ཐུབ་པ་བྱེད་ཆེད། རྫོམ་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་བྱུང་གནོད་འཚེ་ཐོན་པའི་ཆོས་ཉིད་དང་གནོད་འཚེའི་རྗེས་ཀྱི་ས་བོན་ཁྲོམ་རའི་འཕྲལ་མཁོར་གཞིགས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་ས་བོན་གྲབས་གསོག་གི་སྣ་རིགས་དང་གྲངས་ཚད་གཏན་འཁེལ་བྱེད་དགོས།

    དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་བོན་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་དགོས་པ་དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལ་ཤུཌ་སྣོན་བརྒྱབ་སྟེ་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་གྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་བཏང་ནས་དེང་རབས་སོན་ལས་གོང་འཕེལ་གཏོང་བའི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    ལེའུ་གཉིས་པ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ།

    དོན་ཚན་བརྒྱད་པ། སོན་རྒྱུའི་ཐོན་ཁུངས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྲུང་སྐྱོབ་ཐོབ་པས། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་གིས་ཀྱང་བཙན་བཟུང་དང་གཏོར་བཤིག་གཏོང་མི་ཆོག

    རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྲུང་སྐྱོབ་མིང་གཞུང་ནང་འཁོད་པའི་རང་བྱུང་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་དང་གཅོད་འབྲེག་བྱེད་མི་ཆོག་ལ། དེར་གཏོར་བཤིག་ཀྱང་གཏོང་མི་ཆོག ཚན་ཞིབ་སོགས་དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རང་བྱུང་སོན་རྒྱུའི་ཐོན་ཁུངས་རིགས་འཚོལ་བསྡུའམ་ཡང་ན་གཅོད་འབྲེག་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་ཁྲིམས་བཞིན་ཆོག་མཆན་ཞུ་དགོས་པ་མ་ཟད། སྲུང་སྐྱོབ་ཀྱི་བྱ་ཐབས་ནན་པོ་སྤྱོད་དགོས། རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རང་བྱུང་སོན་རྒྱུའི་ཐོན་ཁུངས་རིགས་འཚོལ་བསྡུའམ་ཡང་ན་གཅོད་འབྲེག་བྱེད་དགོས་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།

    དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཆར་གཞི་ཡོད་པའི་སྒོ་ནས་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རྒྱུའི་ཐོན་ཁུངས་ལ་ཡོངས་བཤེར་དང་། བསྡུ་རུབ། ལེགས་སྒྲིག དཔྱད་འདོམས། ཐོ་འགོད། ཉར་ཚགས། སྤེལ་རེས། བེད་སྤྱོད་སོགས་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ཏེ་སོན་རྒྱུའི་ཐོན་ཁུངས་ཀྱི་ཆ་འཕྲིན་གཞི་གྲངས་ཐོ་མཛོད་བཟོ་བ་དང་། རང་སྐྱོང་ལྗོངས་ཀྱི་སོན་རྒྱུའི་ཐོན་ཁུངས་ཀྱི་མིང་གཞུང་བཟོས་ཏེ་སྤྱོད་རུང་བའི་སོན་རྒྱུའི་ཐོན་ཁུངས་ཀྱི་དཀར་ཆག་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་རང་བྱུང་སོན་རྒྱུའི་ཐོན་ཁུངས་ཀྱི་དཀར་ཆག་དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཤམ་གསལ་གྱི་སོན་རྒྱུའི་ཐོན་ཁུངས་ལ་གཙོ་གནད་དུ་སྲུང་སྐྱོབ་བྱེད་དགོས་པ་སྟེ།

    (གཅིག)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་ཞིང་ལས་ལོ་ཏོག་གི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་ཀྱི་དཀར་ཆག་ནང་བཅུག་པའི་རིགས་དང་།

    (གཉིས)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རི་སྐྱེས་རྩི་ཤིང་གི་མིང་གཞུང་དང་གྲགས་ཁྱད་ལེགས་གསུམ་གྱི་དཔལ་འབྱོར་ནགས་གླིང་གི་ཤིང་སྣའི་ཁོངས་སུ་བཅུག་པའི་རིགས།

    (གསུམ)དཀོན་ལ་རྩ་ཆེ་བ་དང་སྟོངས་ཉེར་ཡོད་པའི་རིགས།

    (བཞི)རང་སྐྱོང་ལྗོངས་ཁོ་ནར་ཡོད་པའམ་ཡང་ན་དམིགས་བསལ་གྱི་རིན་ཐང་ལྡན་པའི་རིགས།

    (ལྔ)དེ་མིན་སྲུང་སྐྱོབ་བྱེད་དགོས་པའི་རིགས་བཅས་སོ།

    དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་སོན་རྒྱུའི་ཐོན་ཁུངས་ཀྱི་ཐོ་མཛོད་དང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཁུལ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་གནས་བཅས་འཛུགས་རྒྱུའི་དགོས་མཁོར་གཞིགས་ནས་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རྒྱུའི་ཐོན་ཁུངས་ལ་ས་ཆ་དེ་རང་དང་ས་ཆ་གཞན་དག་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཉར་ཚགས་ལམ་ལུགས་ལག་བསྟར་བྱས་ན་འགྲིག

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སོན་རྒྱུའི་ཐོན་ཁུངས་ཀྱི་ཐོ་མཛོད་དང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཁུལ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་གནས་བཅས་ཀྱི་བདག་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སོན་རྒྱུའི་ཐོན་ཁུངས་བདེ་འཇགས་ཡོང་བའི་འགན་སྲུང་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། སོན་རྒྱུའི་ཐོན་ཁུངས་ཀྱི་ཐོ་མཛོད་དང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཁུལ་ལམ་ཡང་ན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་གནས་བཟུང་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་དེ་སྔའི་གསར་འཛུགས་ལས་ཁུངས་ཀྱི་མོས་མཐུན་ཐོབ་དགོས་པ་མ་ཟད། དེ་འབྲེལ་གྱི་སོན་རྒྱུའི་ཐོན་ཁུངས་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ་སླར་གསོའམ་ཡང་ན་གསབ་བཅོས་ཀྱི་ཇུས་གཞི་བཟོ་དགོས།

    དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་བྱས་འབྲས་ལ་གཞིགས་ནས་ལྟ་ཞིབ་དཔྱད་གདེང་མ་ལག་བཙུགས་ཏེ་དཀོན་ལ་རྩ་ཆེ་བ་དང་སྟོངས་ཉེར་ཡོད་པ་སོགས་ཀྱི་སོན་རྒྱུའི་ཐོན་ཁུངས་ཀྱི་འགུལ་ཕྱོགས་འགྱུར་རྣམ་དང་ཉེན་བརྡའི་ཆ་འཕྲིན་འགྲེམས་བསྒྲགས་བྱེད་དགོས། ཁོར་ཡུག་འགྱུར་ལྡོག་དང་རང་བྱུང་གནོད་འཚེ་སོགས་གནས་ཚུལ་གྱི་རྐྱེན་པས་སོན་རྒྱུའི་ཐོན་ཁུངས་ལ་གནོད་སྐྱོན་བཟོ་ཉེན་ཡོད་ཚེ། ངེས་པར་དུ་འཕྲལ་མར་མྱུར་སྐྱོབ་རང་བཞིན་གྱི་བསྡུ་རུབ་དང་སྲུང་སྐྱོབ་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས།

    ལེའུ་གསུམ་པ། སོན་རིགས་སྒྲུག་འདེབས་དང་ཞིབ་གཏན་ཐོ་འགོད།

    དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཆར་གཞི་ཡོད་པའི་སྒོ་ནས་འབྲེལ་ཡོད་ཚན་ཞིབ་ཁང་དང་། མཐོ་རིམ་སློབ་གླིང་། ཁེ་ལས། དེ་བཞིན་མི་སྒེར་བཅས་སྒྲིག་འཛུགས་བྱས་ནས་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་སྒྲུག་འདེབས་བྱེད་པའི་ལས་དོན་སྤེལ་དགོས་ཤིང་། སོན་རིགས་ཀྱི་དཔེ་སྟོན་ཁྱབ་གདལ་འཆར་གཞི་བཟོས་ཏེ་དུས་བཀག་ཐོག་གཙོ་གནད་དུ་ཁྱབ་གདལ་གཏོང་རྒྱུའི་སོན་རིགས་ཀྱི་མིང་གཞུང་ཁྱབ་བསྒྲགས་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་གནས་དེ་གའི་ལེགས་ཆ་ཆེ་བའི་ཁྱད་ལྡན་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་དང་སོན་རིགས་གསར་པའི་དཔེ་སྟོན་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཚན་པ་དང་མི་སྒེར་གྱིས་རྩི་ཤིང་གི་སོན་རིགས་གསར་པ་གསར་སྤེལ་དང་། སོན་བཟང་སྒྲུག་འདེབས། འབྲས་བུ་དངོས་སྒྱུར་བཅས་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་རྒྱུ་དང་། རང་བདག་གི་ཤེས་རིག་བདག་དབང་ཡོད་པའི་སོན་བཟང་འདེབས་གསོ་བྱས་ཏེ་སོན་འདེབས་ཁེ་བེད་བདག་ཐོབ་དང་རྩི་ཤིང་གི་སོན་རིགས་གསར་པའི་བདག་དབང་ཁྲིམས་བཞིན་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།

    དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཙོ་བོའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ཁྱབ་གདལ་མ་བཏང་གོང་། ངེས་པར་དུ་རྒྱལ་ཁབ་རིམ་པའམ་ཡང་ན་རང་སྐྱོང་ལྗོངས་རིམ་པས་ཞིབ་གཏན་བྱེད་དགོས།

    རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གཙོ་བོའི་ནགས་ཤིང་ཕུད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་དོན་དངོས་ལ་གཞིགས་ནས་རང་སྐྱོང་ལྗོངས་ཀྱི་གཙོ་བོའི་ནགས་ཤིང་གཏན་འཁེལ་བྱས་ཏེ། རང་སྐྱོང་ལྗོངས་རིམ་པས་ཞིབ་གཏན་བྱེད་རྒྱུ་ལག་བསྟར་བྱས་ཆོག

    དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ལ་ཁག་སོ་སོར་ཞིབ་གཏན་ཨུ་ཡོན་ལྷན་ཁང་འཛུགས་དགོས་པ་དང་། སོན་རིགས་ཞིབ་གཏན་ཨུ་ཡོན་ལྷན་ཁང་དེ་ཚན་ཞིབ་དང་། སློབ་ཁྲིད། ཐོན་སྐྱེད། ཁྱབ་གདལ། དོ་དམ། བེད་སྤྱོད་བཅས་ཐད་ཀྱི་ཆེད་ལས་མི་སྣ་ལས་གྲུབ་དགོས་ཤིང་། དེས་རང་སྐྱོང་ལྗོངས་ཀྱི་གཙོ་བོའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ལ་ཞིབ་གཏན་བྱེད་རྒྱུའི་ལས་འགན་འཁུར་དགོས།

    རང་སྐྱོང་ལྗོངས་ཀྱི་གཙོ་བོའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ལ་ཞིབ་གཏན་བྱེད་པའི་ཞིབ་ཕྲའི་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་བཟོས་དགོས།

    དོན་ཚན་བཅུ་བདུན་པ། རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་ཀྱིས་ཞིབ་གཏན་བྱས་པའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་སྤྱི་བསྒྲགས་སྤེལ་རྗེས་གཞི་ནས་འཚར་འཕྲོད་སྐྱེ་ཁམས་ཀྱི་ཁུལ་ཁོངས་སུ་ཁྱབ་གདལ་བཏང་ཆོག

    ཞིབ་གཏན་བྱེད་དགོས་ངེས་ཀྱི་ཞིང་ལས་ལོ་ཏོག་དང་རྩྭའི་སོན་རིགས་ལ་ཞིབ་གཏན་མ་བྱས་ཚེ། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་གིས་ཀྱང་བརྡ་ཁྱབ་སྤེལ་བ་དང་། གཉེར་སྐྱོང་བྱེད་པ། ཁྱབ་གདལ་གཏོང་བ་བཅས་བྱེད་མི་ཆོག ཞིབ་གཏན་བྱེད་དགོས་ངེས་ཀྱི་ནགས་ཤིང་གི་སོན་རིགས་ལ་ཞིབ་གཏན་མ་བྱས་ཚེ། སོན་བཟང་ལ་བརྩིས་ནས་ཁྱབ་གདལ་དང་ཕྱིར་འཚོང་བྱེད་མི་ཆོག ཡིན་ཡང་ཐོན་སྐྱེད་ཐད་སྤྱོད་དགོས་ངེས་ཡིན་ཚེ། ངེས་པར་དུ་ནགས་ཤིང་གི་སོན་རིགས་ཞིབ་གཏན་ཨུ་ཡོན་ལྷན་ཁང་ནས་ངོས་གཏན་བྱེད་དགོས།

    དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་ཀྱི་ཞིང་ལས་ལོ་ཏོག་གཙོ་བོ་མིན་པའི་ཐོ་འགོད་དཀར་ཆག་ནང་བཅུག་པའི་སོན་རིགས་དེ། ཁྱབ་གདལ་མ་བཏང་གོང་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལས་རིམ་གཞིར་བཟུང་ཐོ་འགོད་བྱེད་དགོས། ཐོ་འགོད་མ་བྱས་ཚེ། བརྡ་ཁྱབ་དང་ཁྱབ་གདལ་གཏོང་མི་ཆོག་ལ། ཐོ་བཀོད་བྱས་པའི་སོན་རིགས་ཀྱི་མིང་ཐོག་ནས་ཕྱིར་འཚོང་ཡང་བྱེད་མི་ཆོག

    རྒྱལ་ཁབ་ཀྱི་ཞིང་ལས་ལོ་ཏོག་གཙོ་བོ་མིན་པའི་ཐོ་འགོད་དཀར་ཆག་ནང་བཅུག་མེད་པའི་སོན་རིགས་དེ། ཐུན་མིན་རང་བཞིན་དང་། གཅིག་མཐུན་རང་བཞིན། བརྟན་གནས་རང་བཞིན་བཅས་ཀྱི་བླང་བྱ་དང་མཐུན་ཚེ། རེ་འདུན་ཞུ་མཁན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་གཙོ་འགན་སྡེ་ཚན་ལ་ངོས་གཏན་ཡོང་རེ་ཞུས་ཆོག་པ་དང་། ངོས་གཏན་བྱུང་བའི་སོན་རིགས་ཡིན་ཚེ། ངོས་གཏན་བྱུང་བའི་སོན་རིགས་ཀྱི་མིང་ཐོག་ནས་ཁྱབ་གདལ་དང་ཕྱིར་འཚོང་བྱས་ན་འགྲིག

    དོན་ཚན་བཅུ་དགུ་པ། ཞིབ་གཏན་བྱས་པའམ་ཡང་ན་ཐོ་འགོད་བྱས་པའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ནང་འདྲེན་གཉེར་སྐྱོང་བྱེད་པ་དང་ཁྱབ་གདལ་གཏོང་སྐབས། ངེས་པར་དུ་ཞིབ་གཏན་བྱས་པའམ་ཡང་ན་ཐོ་འགོད་བྱས་པའི་སོན་རིགས་ཀྱི་མིང་དེ་རང་སྤྱོད་དགོས། རྩི་ཤིང་གི་སོན་རིགས་གསར་པའི་བདག་དབང་ཐོབ་པའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པ་དང་ཁྱབ་གདལ་གཏོང་སྐབས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས་པ་མ་ཟད། དབང་ཐོབ་སོན་རིགས་ཀྱི་མིང་དེ་རང་སྤྱོད་དགོས།

    ཐོན་སྐྱེད་གཉེར་སྐྱོང་བྱེད་པ་དང་ཁྱབ་གདལ་གཏོང་རིམ་ཁྲོད་རང་དགར་སོན་རིགས་ཀྱི་སྤྱི་མིང་སྒྱུར་མི་ཆོག

    དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་ཀྱིས་ཞིབ་གཏན་དང་ངོས་གཏན་བྱུང་བའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ལ་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། སོན་རིགས་ཞིབ་གཏན་ཨུ་ཡོན་ལྷན་ཁང་གིས་ཞིབ་བསྡུར་བྱས་རྗེས་ཞིབ་གཏན་དང་ངོས་གཏན་བྱུང་རིགས་རྩིས་མེད་དུ་གཏོང་རྒྱུ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ནས་ཁྱབ་གདལ་དང་ཕྱིར་འཚོང་བྱེད་མཚམས་འཇོག་དགོས་པའི་སྤྱི་བསྒྲགས་སྤེལ་རྒྱུ་སྟེ།

    (གཅིག) བེད་སྤྱོད་བྱེད་པའི་ཁྲོད་སེལ་ཐབས་བྲལ་བའི་སྐྱོན་ཚབས་ཆེ་ཐོན་པའི་རིགས་དང་།

    (གཉིས) ཚོད་ལྟའི་གཞི་གྲངས་མགོ་སྐོར་དང་རྫུན་བཟོ་སོགས་ཚུལ་མིན་གྱི་བྱེད་སྟངས་ལ་བརྟེན་ནས་ཞིབ་གཏན་དང་ངོས་གཏན་བྱུང་བའི་རིཌ།

    (གསུམ) བླང་བྱ་གཞིར་བཟུང་སོན་རིགས་ཀྱི་ཚད་ལྡན་དངོས་དཔེ་མཁོ་འདོན་མ་བྱས་པའམ་ཡང་ན་ཚད་ལྡན་དངོས་དཔེ་ངོ་མ་མ་ཡིན་པའི་རིཌ།

    (བཞི) སོན་སྣའི་སྐྱེ་ནུས་ཉམས་པའམ་ཡང་ན་ཐོན་སྐྱེད་བེད་སྤྱོད་ཀྱི་རིན་ཐང་མེད་པའི་རིགས་བཅས་སོ།

    དོན་ཚན་ཉེར་གཅིག་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་འདེབས་གསོ་བྱས་པའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ནང་འདྲེན་བྱེད་སྐབས། ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁུལ་ཁོངས་དང་འཚམ་འཕྲོད་དགོས་པ་མ་ཟད། ནང་འདྲེན་བྱས་པའི་སོན་རིགས་དང་ཁུལ་ཁོངས་རྣམས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནཌ་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།

    ནང་འདྲེན་བྱས་པའི་ཞིང་ལས་ལོ་ཏོག་དང་རྩྭའི་སོན་རིགས་ཡིན་ཚེ། སོན་རིགས་ནང་འདྲེན་བྱེད་མཁན་གྱིས་ནང་འདྲེན་བྱེད་རྩིས་ཡོད་པའི་ཁུལ་ཁོངས་སུ་དེའི་འཚམ་འཕྲོད་རང་བཞིན་དང་འགོག་ནུས་རང་བཞིན་གྱི་ཚོད་ལྟ་ལོ་གཅིག་ཡན་བྱེད་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སོན་རིགས་ཀྱི་ཚོད་ལྟའི་སྙན་ཞུ་འབུལ་དགོས།

    ས་ཁུལ་དེ་གར་རང་བཞིན་དུ་མི་སྐྱེས་པའི་ནགས་ཤིང་གི་སོན་རིགས་ནང་འདྲེན་བྱེད་སྐབས། སོན་རིགས་ནང་འདྲེན་བྱེད་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་སོན་རིགས་ནང་འདྲེན་བྱེད་པའི་ཚད་གཞི་གཞིར་བཟུང་ཚོད་ལྟ་བྱས་པ་དང་སྦྲགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སོན་རིགས་ཀྱི་ཚོད་ལྟའི་སྙན་ཞུ་འབུལ་དགོས།

    སོན་རིཌ་ནང་འདྲེན་བྱེད་མཁན་གྱིས་ངེས་པར་དུ་སོན་རིཌ་ཀྱི་ཁྲིམས་མཐུན་རང་བཞིན་དང་། དངོས་བདེན་རང་བཞིན། བདེ་འཇཌ་རང་བཞིན། དེ་བཞིན་འཚམ་འཕྲོད་རང་བཞིན་བཅས་ལ་འགན་འཁུར་དགོས།

    དོན་ཚན་ཉེར་གཉིས་པ། སོན་རིགས་ནང་འདྲེན་སྙན་དཔོད་བྱས་པའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་བེད་སྤྱོད་བྱེད་སྐབས་སེལ་ཐབས་བྲལ་བའི་སྐྱོན་ཚབས་ཆེ་ཐོན་པའམ་ཡང་ན་དེ་སྔ་ཞིབ་གཏན་དང་། ཐོ་འགོད། ངེས་གཏན་བཅས་བྱས་པ་རྩིས་མེད་དུ་བཏང་རིགས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སོན་རིགས་ནང་འདྲེན་གྱི་སྙན་དཔོད་རྩིས་མེད་དུ་བཏང་བའི་སྤྱི་བསྒྲགས་སྤེལ་ནས་སྤྱི་ཚོགས་ཐོག་འདེབས་འཛུགས་ཀྱི་ཉེན་ཁ་ཇི་ཡོད་གསལ་སྟོན་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནཌ་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཞིབ་གཏན་དང་། ཐོ་འགོད། ངེས་གཏན་བཅས་བྱས་པའི་སོན་རིཌ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་སྟེ་སོན་རིཌ་ཀྱི་ཁུངས་འདེད་ལམ་ལུཌ་བཟོས་ནས་སོན་རིཌ་རེ་ཞུ་བྱེད་མཁན་དང་། སོན་རིཌ་ཚད་ལེན་དང་ཚོད་ལྟ་བྱེད་མཁན་ལས་ཁུངས་ལ་ལྟ་འདོམས་བྱེད་འགན་འཁུར་ནས་འཛད་སྤྱོད་དང་ས་བོན་བེད་སྤྱོད་པའི་བདེ་འཇཌ་འགན་ལེན་བྱེད་དགོས།

    ལེའུ་བཞི་པ། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་།

    དོན་ཚན་ཉེར་བཞི་པ། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་བྱས་པ་ཕུད། ངེས་པར་དུ་ཁྲིམས་ལྟར་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་ཐོབ་དགོས། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་ནང་ངེས་པར་དུ་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱི་མིང་དང་། སྡོད་གནས། ཁྲིམས་བཅད་འཐུས་ཚབ་པ། ས་བོན་ཐོན་སྐྱེད་ཀྱི་སྣ་རིགས། གནས་ཡུལ་དང་ས་བོན་གཉེར་སྐྱོང་བྱེད་ཁོངས། ནུས་ལྡན་ཁུལ་ཁོངས། ནུས་ལྡན་དུས་བཅད་སོགས་ཀྱི་དོན་གནད་གསལ་པོ་འགོད་དགོས། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་འཁྲོལ་འཛིན་ནང་གསལ་འགོད་བྱས་པའི་དོན་གནད་གཞིར་བཟུང་ཐོན་སྐྱེད་གཉེར་སྐྱོང་བྱེད་དགོས།

    ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་རྫུན་བཟོ་དང་། སྒྱུར་བཟོ། ཉོ་ཚོང་། བོགས་གཡར་བཅས་བྱེད་རིཌ་བཀག་འགོག་བྱེད་རྒྱུ།

    དོན་ཚན་ཉེར་ལྔ་པ། ཚན་པ་དང་མི་སྒེར་ལ་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། ཁྲིམས་ལྟར་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་ཞུ་མི་དགོས་པ་སྟེ།

    (གཅིག) ཞིང་ལས་ལོ་ཏོག་གཙོ་བོ་མིན་པ་དང་ནགས་ཤིང་གཙོ་བོ་མིན་པའི་ས་བོན་ཁོ་ན་ཐོན་སྐྱེད་བྱས་པའི་རིགས་དང་།

    (གཉིས) ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་ནང་གསལ་འགོད་བྱས་པའི་ནུས་ལྡན་ཁུལ་ཁོངས་སུ་ཡན་ལག་ལས་ཁུངས་བཙུགས་པའི་རིགས།

    (གསུམ) ལོགས་སུ་ཐུམ་ཆུང་མི་རྒྱག་པའི་ཐུམ་སྒྲིལ་ས་བོན་ཆེད་དམིགས་གཉེར་སྐྱོང་བྱས་པའི་རིགས།

    (བཞི) ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་ཡོད་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱིས་ཡིག་ཐོག་ནས་དེའི་ས་བོན་ཐོན་སྐྱེད་དང་ཚབ་ཚོང་བྱེད་རྒྱུ་མངགས་བཅོལ་བྱས་པའི་རིགས།

    (ལྔ) ཞིང་པ་མི་སྒེར་གྱིས་རང་གསོ་རང་སྤྱོད་བྱས་པའི་རྒྱུན་གཏན་གྱི་ས་བོན་ལྷག་མ་ས་གནས་དེ་གའི་ཚོང་འདུས་ཁྲོམ་རར་ཕྱིར་འཚོང་དང་བརྗེ་རེས་བྱས་པའི་རིགས་བཅས་སོ།

    གོང་འཁོད་གཏན་འབེབས་ཀྱི་ནང་གསེས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་གནས་ཚུལ་ཡོད་ཚེ། ངེས་པར་དུ་ས་གནས་དེ་གའི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས།

    དོན་ཚན་ཉེར་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་བོན་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། ས་བོན་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་རྒྱུར་སྐུལ་འདེད་བཏང་ནས་ས་བོན་གྱི་སྤུས་ཚད་ཡག་ཏུ་གཏོང་དགོས།

    ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་ས་བོན་ཐོན་སྐྱེད་ཀྱི་ལག་རྩལ་སྒྲིག་སྲོལ་དང་ལས་རིགས་ཀྱི་ཚད་གཞིའི་གཏན་འབེབས་གཞིར་བཟུང་ས་བོན་ཐོན་སྐྱེད་བྱེད་དགོས་པ་མ་ཟད། ད་དུང་ས་བོན་གྱི་ཡོང་ཁུངས་དང་། ཐོན་ཡུལ། གྲངས་འབོར། སྤུས་ཚད། ཕྱིར་འཚོང་བྱེད་ས། ཕྱིར་འཚོང་དུས་ཚོད་བཅས་དང་འབྲེལ་ཡོད་འགན་འཁུར་མི་སྣ་སོགས་ཀྱི་ནང་དོན་ཚུད་པའི་ཐོན་སྐྱེད་གཉེར་སྐྱོང་གི་ཡིག་ཚགས་བཟོ་བ་དང་ཉར་ཚགས་བྱས་ཏེ་ས་བོན་གྱི་སྤུས་ཚད་ལ་ཁུངས་འདེད་ཐུབ་པའི་འགན་ལེན་བྱེད་དགོས།

    དོན་ཚན་ཉེར་བདུན་པ། ཐོན་སྐྱེད་གཉེར་སྐྱོང་བྱས་པའི་ས་བོན་ལ་ངེས་པར་དུ་བརྟག་བཤེར་དང་ནད་ཡམས་བརྟག་ཞིབ་བྱས་རྗེས། དེའི་སྤུས་ཚད་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞིའམ་ཡང་ན་ས་གནས་ཀྱི་ཚད་གཞིར་སླེབས་པ་བྱེད་དགོས། ཚད་གཞི་མ་ལོན་པའི་ས་བོན་རིགས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་དེའི་སྤྱོད་སྒོ་སྒྱུར་བར་ལྟ་སྐུལ་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་བོན་གྱི་ས་གནས་ཚད་གཞི་བཟོ་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་ནས་ཞིབ་མཆན་དང་། སྙན་དཔོད། ཡོངས་བསྒྲགས་བཅས་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། ས་བོན་བརྡ་ཁྱབ་གཏོང་བའི་ནང་དོན་དེ་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས་ཤིང་། དེའི་གཙོ་བོའི་ངོ་བོ་དང་བཟོ་དབྱིབས་བརྗོད་སྐབས་ངེས་པར་དུ་ས་བོན་གྱི་ཞིབ་གཏན་དང་། ཐོ་འགོད། ངོས་གཏན་བཅས་ཀྱི་སྤྱི་བསྒྲགས་དང་གཅིག་མཐུན་དགོས་པ་ལས། རྫུན་བཟོའམ་ཡང་ན་གོ་ནོར་ཐེབས་བཟོ་ཡོད་པའི་དྲིལ་བསྒྲགས་རིགས་བྱེད་མི་ཆོག

    དོན་ཚན་ཉེར་དགུ་པ། ཕྱིར་འཚོང་བྱེད་པའི་ས་བོན་གྱི་ཕྱིའི་ཐུམ་སྒྲིལ་ཐོག་ངེས་པར་དུ་མཆན་རྟགས་དང་བེད་སྤྱོད་གསལ་བཤད་ཟུར་མཆན་འགོད་དགོས་ཤིང་། ཟུར་མཆན་གྱི་ནང་དོན་ངེས་པར་དུ་ཇི་མ་ཇི་བཞིན་ཡིན་དགོས་པ་མ་ཟད། ས་བོན་བེད་སྤྱོད་བྱེད་མཁན་ལ་ས་བོན་ཐོན་སྐྱེད་བྱེད་མཁན་གྱི་ཆ་འཕྲིན་དང་། ཐོན་སྐྱེད་དུས་ཚོད། གཙོ་བོའི་ངོ་བོ་དང་གཟུགས་དབྱིབས། འདེབས་གསོ་བྱ་ཐབས་གཙོ་བོ། འཚམ་འཕྲོད་རང་བཞིན་དང་ཉེན་ཁའི་རང་བཞིན་གསལ་སྟོན་སོགས་བྱེད་པའི་ཡིག་རིགས་གསལ་བཤད་མཁོ་འདོན་བྱེད་དགོས། ཕྱིར་འཚོང་ཁུལ་དུ་ཐོན་སྐྱེད་བྱས་པའི་ས་བོན་དེའི་མཆན་རྟགས་དང་བེད་སྤྱོད་གསལ་བཤད་ལ་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡིག་རིགས་དང་བོད་ཡིག་གི་མཆན་འགྲེལ་འགོད་དགོས།

    ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་ས་བོན་ཉོ་འཚོང་ཐོ་འགོད་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། ས་བོན་བེད་སྤྱོད་བྱེད་མཁན་ལ་ཕྱིར་འཚོང་གི་དཔང་འཛིན་འབྲི་དགོས། ས་བོན་རྫུན་མ་དང་སྤུས་ཞན་ཐོན་སྐྱེད་གཉེར་སྐྱོང་བྱེད་རིགས་བཀག་འགོག་བྱེད་དགོས།

    དོན་ཚན་སུམ་ཅུ་པ། ས་བོན་བེད་སྤྱོད་བྱེད་མཁན་ལ་རང་ཉིད་ཀྱི་བློ་མོས་ལྟར་ས་བོན་ཉོ་སྒྲུབ་དང་བེད་སྤྱོད་བྱེད་དབང་ཡོད་པས། ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཁྲིམས་མིན་གྱིས་བཀག་འགོག་བྱེད་མི་ཆོག ས་བོན་བེད་སྤྱོད་བྱེད་མཁན་ལ་རང་མོས་ཀྱི་རྩ་དོན་དང་འགལ་ནས་བཙན་ཤེད་ཀྱིས་ས་བོན་ཉོ་སྒྲུབ་དང་བེད་སྤྱོད་བྱེད་དུ་བཅུག་ནས་གྱོང་གུན་བཟོས་ཚེ་ངེས་པར་དུ་སྐྱིན་ཚབ་འཇལ་འགན་འཁུར་དགོས།

    དོན་ཚན་སོ་གཅིག་པ། གཙོ་གནད་ཀྱི་རྒྱལ་ཁོངས་ས་ཆའི་སྔོ་སྒྱུར་རྣམ་གྲངས་དང་། སྲིད་གཞུང་གིས་མ་འཇོག་བྱེད་པའམ་ཡང་ན་སྲིད་གཞུང་གིས་མ་འཇོག་གཙོ་བོར་བྱེད་པའི་རྒྱལ་ཁོངས་ས་ཆའི་སྔོ་སྒྱུར་རྣམ་གྲངས་རིགས་ལ་ངེས་པར་དུ་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་བཟོས་པའི་ཇུས་གཞི་གཞིར་བཟུང་། གྲོང་གསེབ་ཀྱི་ནགས་རྩྭའི་སོན་བཟང་སྔོན་ལ་བེད་སྤྱོད་བྱེད་དགོས།

    དོན་ཚན་སོ་གཉིས་པ། འགོག་ཐབས་བྲལ་བའི་རྒྱུ་རྐྱེན་ལས་ཐོན་སྐྱེད་ཀྱི་དགོས་མཁོ་འགན་སྲུང་བྱེད་ཆེད་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞིའམ་ཡང་ན་ས་གནས་ཀྱི་ཚད་གཞི་ལས་དམའ་བའི་ཞིང་ལས་ལོ་ཏོག་དང་རྩྭའི་སོན་བེད་སྤྱོད་བྱེད་དགོས་ཚེ། ས་བོན་བེད་སྤྱོད་བྱེད་མཁན་གྱིས་ངེས་པར་དུ་ས་བོན་སྤྱོད་སའི་ས་གནས་དང་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

    དོན་ཚན་སོ་གསུམ་པ། ས་བོན་བེད་སྤྱོད་བྱེད་མཁན་གྱིས་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ས་བོན་ལ་སྤུས་ཚད་ཀྱི་གནད་དོན་འདུག་སྙམ་ཚེ། ས་བོན་གྱི་སྤུས་ཚད་བརྟག་བཤེར་ལས་ཁུངས་ལ་སྤུས་ཚད་བརྟག་བཤེར་བྱེད་རེ་ཞུས་ན་འགྲིག ས་བོན་གྱི་སྤུས་ཚད་བརྟག་བཤེར་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བརྟག་བཤེར་བྱེད་དགོས་པ་མ་ཟད། སྤུས་ཚད་བརྟག་བཤེར་གྱི་སྙན་ཞུ་ཇི་མ་ཇི་བཞིན་འདོན་དགོས།

    ས་བོན་བེད་སྤྱོད་བྱེད་མཁན་ལ་ས་བོན་གྱི་སྤུས་ཚད་གནད་དོན་ནམ་ཡང་ན་ས་བོན་གྱི་མཆན་རྟགས་དང་བེད་སྤྱོད་གསལ་བཤད་ཟུར་མཆན་གྱི་ནང་དོན་བདེན་པ་མ་ཡིན་པའི་རྐྱེན་གྱིས་གྱོང་གུན་ཕོག་ཚེ། གཉེར་སྐྱོང་བྱེད་མཁན་གྱིས་ངེས་པར་དུ་སྐྱིན་ཚབ་འཇལ་དགོས། གཉེར་སྐྱོང་བྱེད་མཁན་གྱིས་སྐྱིན་ཚབ་འཇལ་རྗེས་ས་བོན་ཐོན་སྐྱེད་བྱེད་མཁན་ནམ་ཡང་ན་གཉེར་སྐྱོང་བྱེད་མཁན་གཞན་དག་གི་འགན་འཁྲི་ཡིན་ཚེ། གཉེར་སྐྱོང་བྱེད་མཁན་གྱིས་ས་བོན་ཐོན་སྐྱེད་བྱེད་མཁན་ནམ་ཡང་ན་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་སྐྱིན་ཚབ་འཇལ་རྒྱུའི་བདའ་འདེད་གཏོང་དབང་ཡོད།

    སྐྱིན་ཚབ་འཇལ་རྒྱུའི་དངུལ་གྲངས་ནང་སོན་རིགས་ཉོ་རིན་དང་། ཐོབ་ངེས་ཁེ་ཕན་གྱི་གྱོང་གུན། འབྲེལ་ཡོད་འགྲོ་གྲོན་བཅས་ཚུད་ཡོད་ཅིང་། སྐྱིན་ཚབ་འཇལ་རྒྱུའི་དངུལ་གྲངས་དེ་གཤམ་གསལ་གྱི་བྱེད་ཐབས་གཞིར་བཟུང་རྩིས་རྒྱག་རྒྱུ་སྟེ།

    ས་བོན་ཉོ་རིན་ནི་ས་བོན་ཉོ་སྐབས་དངོས་སུ་སྤྲད་པའི་དངུལ་འབོར་དེ་ཡིན། རིན་དངུལ་གསལ་པོ་མེད་ཚེ་ས་བོན་ཉོ་སྐབས་ཀྱི་ཁྲོམ་རའི་རིན་གོང་གཞིར་བཟུང་རྩིས་རྒྱག་རྒྱུ། ཁྲིམས་བཞིན་ངེས་པར་དུ་སྲིད་གཞུང་གི་གཏན་འབེབས་རིན་གོང་ངམ་ཡང་ན་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་བསྟར་བྱེད་དགོས་རིགས། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྩིས་རྒྱག་དགོས།

    ཞིང་ལས་ལོ་ཏོག་དང་རྩྭའི་སོན་གྱི་ཐོབ་ངེས་ཁེ་ཕན་གྱི་གྱོང་གུན་དེ་རང་གནས་སའི་ཤང་གྲོང་རྡལ་གྱི་སྔ་ལོའི་ལོ་གསུམ་ནང་རིགས་མཚུངས་ལོ་ཏོག་གི་རྩིས་གཞིའི་རྒྱ་ཁྱོན་གྱི་ལོ་རེའི་ཆ་སྙོམས་ཐོན་རྫས་རིན་ཐང་དང་དངོས་ཡོད་ཀྱི་འདེབས་འཛུགས་རྒྱ་ཁྱོན་བསྒྱུར་ནས་དེའི་དངོས་ཡོད་ཡོང་འབབ་འཐེན་པ་ལྟར་རྩིས་རྒྱག་རྒྱུ། བསྡོམས་རྩིས་ཀྱི་དཔྱད་གཞི་མེད་ཚེ་ས་གནས་དེ་གའི་ལོ་དེ་རང་གི་རིགས་མཚུངས་ཞིང་ལས་ལོ་ཏོག་དང་རྩྭ་འདེབས་འཛུགས་ཀྱི་རྩིས་གཞིའི་རྒྱ་ཁྱོན་གྱི་ལོ་རེའི་ཆ་སྙོམས་ཐོན་རྫས་རིན་ཐང་དང་དངོས་ཡོད་ཀྱི་འདེབས་འཛུགས་རྒྱ་ཁྱོན་བསྒྱུར་ནས་དེའི་དངོས་ཡོད་ཀྱི་ཡོང་འབབ་འཐེན་པ་ལྟར་རྩིས་བརྒྱབ་ན་འགྲིག ཞིང་ལས་ལོ་ཏོག་དང་རྩྭའི་སོན་རིགས་ཀྱི་དཔྱད་གཞི་མེད་ཚེ་མ་དངུལ་གཏོང་བ་དང་ངལ་རྩོལ་ནུས་ཤུགས་གཏོང་བའི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་ལྟར་རྩིས་རྒྱག་རྒྱུ།

    ནགས་ཤིང་ས་བོན་གྱི་ཐོབ་ངེས་ཁེ་ཕན་གྱི་གྱོང་གུན་དེ་ས་བོན་ཉོ་རིན་གྱི་ལྡབ་གསུམ་ཡན་ནས་ལྡབ་ལྔ་མན་ལྟར་རྩིས་རྒྱག་རྒྱུ།

    འབྲེལ་ཡོད་ཀྱི་འགྲོ་གྲོན་ནང་ས་བོན་ཉོ་སྒྲུབ་དང་ས་བོན་སྤུས་ཚད་ཀྱི་རྩོད་གཞི་ལས་བཏང་བའི་ལུགས་མཐུན་གྱི་འགྲིམ་འགྲུལ་གྲོན་དངུལ་དང་། དཔྱད་འདོམས་གྲོན་དངུལ། ལས་ཐེབས་ཆག་པའི་གྲོན་དངུལ། ཟས་སྡོད་གྲོན་དངུལ་སོགས་ཚུད་ཡོད།

    གྱོང་གུན་སྐྱིན་ཚབ་འཇལ་ལེན་བྱེད་མཁན་ཕྱོགས་གཉིས་ཀར་གན་རྒྱའི་ཁ་ཆད་བཞག་ཡོད་ཚེ་ཁ་ཆད་བཞིན་ལག་བསྟར་བྱེད་རྒྱུ།

    དོན་ཚན་སོ་བཞི་པ། རྒྱུད་གཞི་སྒྱུར་བའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་སྒྲུག་འདེབས་དང་། ཚོད་ལྟ། ཞིབ་གཏན། ཐོན་སྐྱེད་གཉེར་སྐྱོང་། ཁྱབ་གདལ་བཅས་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

    རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་ཀྱི་ཆོག་འཐུས་གོ་རིམ་བརྒྱུད་མེད་ཚེ། རྒྱུད་གཞི་སྒྱུར་བའི་ས་བོན་ཐོན་སྐྱེད་དང་། བཟོ་སྣོན། ཕྱིར་འཚོང་བཅས་བྱེད་རིགས་གཏན་འགོག་བྱེད་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱུད་གཞི་སྒྱུར་བའི་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་ས་བོན་གྱི་བདེ་འཇགས་རང་བཞིན་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

    ལེའུ་ལྔ་པ། ས་བོན་གྱི་ལྟ་སྐུལ་དོ་དམ།

    དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྡེ་ཚན་དབར་གྱི་མཉམ་འབྲེལ་ཁྲིམས་སྒྱུར་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་ཤིང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་། སོན་རིགས་སྒྲུག་འདེབས། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་སོགས་ཀྱི་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ས་བོན་ཁྲོམ་རའི་སྒྲིག་ལམ་ཁྲིམས་བཞིན་ཚད་ལྡན་དང་སྲུང་སྐྱོང་བྱས་ནས་སོན་རིགས་ཀྱི་བདག་དབང་ཡོད་མི་དང་། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན། བེད་སྤྱོད་བྱེད་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་བོན་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞུ་སྦྱོར་དང་ཐེར་འདོན་བྱེད་པའི་ལམ་ལུགས་བཟོ་དགོས་པ་མ་ཟད། ཞུ་སྦྱོར་དང་ཐེར་འདོན་བྱེད་སྟངས་ཡོངས་བསྒྲཌ་བྱས་ནས་བདག་སྤྲོད་བྱས་པའི་ཞུ་སྦྱོར་དང་ཐེར་འདོན་རིཌ་ངེས་པར་དུ་གཏན་འབེབས་ཀྱི་དུས་བཀག་ནང་བརྟག་དཔྱད་དང་ཐག་གཅོད་བྱེད་དགོས།

    དོན་ཚན་སོ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་བོན་གྱི་སྤུས་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ས་བོན་གྱི་སྤུས་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འཆར་གཞི་བཟོ་བ་དང་སྦྲགས་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱས་ནས་ས་བོན་རྫུན་མ་དང་སྤུས་ཞན་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཏང་སྟེ་ཞིང་ལས་དང་ནགས་རྩྭའི་ལས་རིགས་ཐད་སྤྱད་པའི་ས་བོན་གྱི་བདེ་འཇགས་འགན་སྲུང་ཐུབ་པ་བྱེད་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ས་བོན་གྱི་སྤུས་ཚད་ལ་དཔེ་འཐེན་ཞིབ་དཔྱད་ཚད་ལེན་བྱེད་སྟངས་སྤྱད་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ས་བོན་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་དུས་ཚིགས་ནང་ངེས་པར་དུ་ས་བོན་གྱི་སྤུས་ཚད་ལ་བརྟག་བཤེར་བྱེད་དགོས་པ་མ་ཟད། བརྟག་བཤེར་བྱས་འབྲས་བརྡ་ཁྱབ་གཏོང་དགོས། བརྟག་བཤེར་བྱས་འབྲས་ནོར་ནས་དོ་བདག་ལ་གྱོང་གུན་བཟོས་ཚེ། ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་དགོས།

    ཚན་པ་དང་ལས་ཁུངས་གང་ཞིག་ཡིན་རུང་ས་བོན་གྱི་སྤུས་ཚད་ལ་བརྟག་བཤེར་བྱེད་པའི་བདེན་དཔང་རྫུན་མ་འདོན་མི་ཆོག

    དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཏན་འབེབས་འོས་ཐོབ་ཡོད་པའི་ས་བོན་གྱི་སྤུས་ཚད་བརྟག་བཤེར་ལས་ཁུངས་ལ་མངགས་བཅོལ་བྱས་ནས་ས་བོན་གྱི་སྤུས་ཚད་ལ་བརྟག་བཤེར་བྱས་ཆོག་ལ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་བྱེད་ཐབས་སྤྱད་ནས་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་ས་བོན་ལ་བརྟག་བཤེར་ཡང་བྱས་ཆོག ཞིབ་བཤེར་བྱ་ཡུལ་གྱིས་བརྟག་བཤེར་བྱས་འབྲས་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། བསྐྱར་དུ་བརྟག་བཤེར་བྱེད་རེ་ཞུས་ཆོག་ཅིང་། བསྐྱར་དུ་བརྟག་བཤེར་བྱེད་སྐབས་ཞིབ་དཔྱད་ཚད་ལེན་བྱེད་ཐབས་གཅིག་པ་སྤྱོད་མི་ཆོག

    དོན་ཚན་སོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ནམ་ཡང་ན་དེའི་ཁོངས་གཏོགས་ཀྱི་ཁྲིམས་སྒྱུར་ལས་ཁུངས་དང་མངགས་བཅོལ་བྱ་ཡུལ་གྱི་ས་བོན་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་ས་བོན་ཐད་ཀྱི་ཁྲིམས་སྒྱུར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་བོན་རྫུན་མ་དང་སྤུས་ཞན་ཐོན་སྐྱེད་གཉེར་སྐྱོང་བྱེད་པ་དང་། ས་བོན་གྱི་བདག་དབང་ལ་བཙན་གནོད་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཞིང་ལས་དང་ནགས་རྩྭའི་ལས་རིགས་ཐད་སྤྱད་པའི་ས་བོན་གྱི་བདེ་འཇགས་འགན་སྲུང་ཐུབ་པ་བྱེད་དགོས།

    དོན་ཚན་སོ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ས་བོན་ཐད་ཀྱི་སྲིད་འཛིན་ཁྲིམས་སྒྱུར་བྱེད་རིམ་ཁྲོད་གཤམ་གསལ་གྱི་བྱ་ཐབས་སྤྱོད་དབང་ཡོད་པ་སྟེ།

    (གཅིག) ས་བོན་ཐོན་སྐྱེད་དང་། གཉེར་སྐྱོང་། བཟོ་སྣོན། གསོག་འདྲེན་བཅས་བྱེད་སའི་ས་ཡུལ་དངོས་ལ་ཞིབ་བཤེར་བྱེད་པ་དང་།

    (གཉིས) ས་བོན་ལ་དཔེ་འཐེན་ཚོད་ལེན་དང་ཚོད་ལྟའམ་ཡང་ན་བརྟག་བཤེར་བྱེད་པ།

    (གསུམ) འབྲེལ་ཡོད་ཀྱི་གན་རྒྱ་དང་། འཛིན་ཤོག རྩིས་དེབ། ཐོན་སྐྱེད་གཉེར་སྐྱོང་གི་ཡིག་ཚགས་དང་དེ་མིན་གྱི་འབྲེལ་ཡོད་དཔྱད་ཡིག་བཅས་ལ་ལྟ་བཤེར་དང་། པར་སློག གནད་བཤུས་བཅས་བྱེད་པ།

    (བཞི) ས་བོན་དེ་མིའི་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱེད་པའི་ཚད་གཞི་དང་མ་མཐུན་པའམ་ཡང་ན་སྤུས་ཚད་ཀྱི་གནད་དོན་གཞན་དག་ཚབས་ཆེ་ཡོད་པ་གཏན་འཁེལ་བྱས་པའི་གཞི་འཛིན་ས་ཡོད་པས། དོ་བདག་ལ་བཀག་སྡོམ་ཉར་ཚགས་བྱེད་དུ་འཇུག་པའམ་ཡང་ན་ཁྲིམས་ལྟར་བྱ་ཐབས་གཞན་དག་སྤྱོད་དུ་འཇུག་པ།

    (ལྔ) ས་བོན་ཁྲིམས་འགལ་གྱིས་ཐོན་སྐྱེད་གཉེར་སྐྱོང་བྱེད་སར་ཁྲིམས་ལྟར་སྒོ་ཐེལ་རྒྱག་པ་དང་། ཁྲིམས་འགལ་གྱིས་ཐོན་སྐྱེད་གཉེར་སྐྱོང་བྱས་པ་དཔང་འཛིན་ར་སྤྲོད་ཐུབ་པའི་ས་བོན་དང་དེ་བཞིན་ཁྲིམས་འགལ་གྱིས་ཐོན་སྐྱེད་གཉེར་སྐྱོང་བྱེད་རྒྱུར་སྤྱད་པའི་ཡོ་བྱད་དང་། སྒྲིག་ཆས། སྐྱེལ་འདྲེན་ཡོ་བྱད་བཅས་བཀག་ཉར་བྱེད་པ་བཅས་སོ།

    དོན་ཚན་བཞི་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གཅིག་གྱུར་གྱི་སྲིད་གཞུང་ཆ་འཕྲིན་འགྲེམས་བསྒྲགས་ལས་སྟེགས་ཐོག་ཞིང་ལས་ལོ་ཏོག་དང་། ནགས་ཤིང་། རྩྭ་བཅས་ཀྱི་སོན་རིགས་ཞིབ་གཏན་དང་། ཐོ་འགོད། ངོས་གཏན་བཅས་དང་། དེ་བཞིན་སོན་རིགས་གསར་པ་སྲུང་སྐྱོབ་དང་། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་ཆོག་འཐུས། ལྟ་སྐུལ་དོ་དམ་སོགས་ཀྱི་ཆ་འཕྲིན་འགྲེམས་བསྒྲགས་བྱེད་དགོས།

    ལེའུ་དྲུག་པ། རོགས་སྐྱོར་བྱ་ཐབས།

    དོན་ཚན་ཞེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དེང་རབས་ཀྱི་སོན་ལས་ལ་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་དང་མ་དངུལ་གྱི་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ཁ་གསབ་ཀྱི་སྲིད་ཇུས་ཚགས་ཚུད་དུ་གཏོང་བ་དང་། ཐོན་ཁུངས་སྲུང་སྐྱོབ་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག ལག་རྩལ་ཞིབ་འཇུག་གསར་སྤེལ། སོན་བཟང་སྒྲུག་འདེབས། ཚོད་ལྟའི་དཔེ་སྟོན། སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན། སོན་བཟང་ཁྱབ་གདལ་དང་ས་བོན་གྱི་བདེ་འཇགས་དོ་དམ་སོགས་ཐད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། འགན་སྲུང་རང་བཞིན་གྱི་ཤིང་སོན་ར་བ་དང་རྩྭ་སོན་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་སོན་འདེབས་སོན་འཐུའི་འཕྲུལ་ཆས་དེ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྤྲོད་ཁོངས་སུ་འཇུག་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་། ནགས་ལས་རྩྭ་ཐང་། སློབ་གསོ། ཚན་རྩལ། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སོན་ལས་ཀྱི་ཚན་ཞིབ་མི་སྣ་གསོ་སྐྱོང་ནང་འདྲེན་དང་གདེང་འཇོག་དཔྱད་ཞིབ་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་སོན་ལས་ཀྱི་ཚན་ཞིབ་འབྲས་བུའི་ཁེ་དབང་ཁ་གསལ་བཟོས་ནས་འབྲས་བུ་དངོས་སྒྱུར་ཡོང་བར་སྐུལ་སྤེལ་འདེད་དགོས།

    དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དངུལ་རྩའི་ལས་ཁུངས་ནས་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་དང་བསྡུ་ཉར་ཐད་ཡིད་རྟོན་དངུལ་བུན་གཏོང་བར་སྐུལ་མ་གཏོང་རྒྱུ། སྤྱི་ཚོགས་ཀྱི་མ་དངུལ་སོན་ལས་ཐོག་གཏོང་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱེད་པ་དང་། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཁེ་ལས་ཀྱིས་གཞི་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ནས་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    དོན་ཚན་ཞེ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འགན་བཅོལ་ལས་ཁུངས་ནས་ས་བོན་ཐོན་སྐྱེད་ཀྱི་འགན་བཅོལ་ལས་སྒོ་གཉེར་བ་དང་། འགན་བཅོལ་བྱེད་རྒྱ་ཆེ་རུ་གཏོང་བ། འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། སོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ལ་སྐུལ་མ་གཏོང་རྒྱུ།

    དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞིའི་ནང་གི་རྨོ་ཞིང་དེ་ཡུན་རིང་གི་གཞི་རྩའི་ས་ཞིང་སྲུང་སྐྱོབ་ཁུལ་ཁོངས་སུ་བཅུག་ནས་དམིགས་བསལ་ཐོག་སྲུང་སྐྱོབ་བྱེད་དགོས།

    དོན་ཚན་ཞེ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཚན་ཞིབ་ཁང་དང་། མཐོ་རིམ་སློབ་གླིང་དང་སློབ་གྲྭ ས་བོན་ཁེ་ལས་བཅས་ནས་ཞིང་ལས་ལོ་ཏོག་དང་རྩྭའི་སོན་རིགས་ལྷོ་རྒྱུད་དུ་གསོ་སྤེལ་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ།

    ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་དྲུག་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཆད་པ་གཅོད་རྒྱུའི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་གཞིན་ལག་བསྟར་བྱེད་རྒྱུ།

    དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་དང་དེའི་ཁོངས་གཏོགས་ཀྱི་ས་བོན་དོ་དམ་ལས་ཁུངས། ཁྲིམས་སྒྱུར་ལས་ཁུངས་དང་དེའི་ལས་བྱས་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཞིག་ཡོད་ཚེ། དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། འགན་འཁྲི་ཡོད་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མིར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། དོ་བདག་ལ་གྱོང་གུན་བཟོས་ཚེ། ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།

    (གཅིག) ཁྲིམས་ལྟར་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་འཁྲོལ་འཛིན་དཔྱད་སྤྲོད་མ་བྱས་པའམ་ཡང་ན་ཐོ་འགོད་རེ་ཞུ་དང་སྙན་དཔོད་ལ་བདག་སྤྲོད་མ་བྱས་པའི་རིགས་དང་།

    (གཉིས) ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་དང་བེད་སྤྱོད་བྱེད་མཁན་གྱི་རང་ཚུགས་དབང་ཆར་ཁྲིམས་དང་མ་མཐུན་པར་བཀག་འགོག་བྱས་པའི་རིགས།

    (གསུམ) ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་བྱེད་སྒོར་ཐེ་ཞུགས་དང་དེའི་ནང་ཞུགས་པའི་རིགས།

    (བཞི) ཁྲིམས་འགལ་གྱི་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་སོགས་ཀྱི་བྱེད་སྤྱོད་དམ་ཡང་ན་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་ཐེར་འདོན་བྱས་པ་འབྱོར་རུང་ཞིབ་བཤེར་ཐག་གཅོད་མ་བྱས་པའི་རིགས།

    (ལྔ) དེ་མིན་གྱི་ཉེར་ཕྱོགས་གཡོ་ཟོལ་དང་འགན་དབང་གང་བྱུང་དུ་སྤྱོད་རིགས་བཅས་སོ།

    དོན་ཚན་ཞེ་བརྒྱད་པ། སོན་རིཌ་སྒྲུག་འདེབས་དང་ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་ཁྲོད་དམངས་དོན་གྱི་རྩོད་གཞི་ཐོན་ཚེ། དོ་བདག་ཕན་ཚུན་དབར་གྲོས་མོལ་བྱས་ནས་ཐག་གཅོད་བྱས་ཆོག་ལ། ས་གནས་དེ་གའི་ཞིང་ལས་གྲོང་གསེབ་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ནམ་ཡང་ན་དེའི་ཁོངས་གཏོཌ་ཀྱི་ས་བོན་དོ་དམ་ལས་ཁུངས་ལ་འདུམ་འགྲིག་བྱེད་རེ་ཞུས་ནའང་འགྲིག དོ་བདག་གིས་གྲོས་མོལ་དང་འདུམ་འགྲིག་བྱེད་འདོད་མེད་པའམ་ཡང་ན་འདུམ་འགྲིག་བྱེད་མ་ཐུབ་ཚེ། ཁྲིམས་ལྟར་འདུམ་གཅོད་བྱེད་རེ་ཞུ་བའམ་ཡང་ན་ཞུ་གཏུག་བརྒྱབ་ན་འགྲིག

    ལེའུ་བརྒྱད་པ། ཞར་བྱུང་།

    དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་ནང་བརྗོད་པའི་གཤམ་གསལ་མིང་ཚིག་གི་གོ་དོན་ཏེ།

    (གཅིག) ཞིང་ལས་ལོ་ཏོག་གཙོ་བོ་ཞེས་པ་ནི་འབྲས་དང་། གྲོ། མ་རྨོས་ལོ་ཏོག སྲིང་བལ། སྲན་ཆེན་དཀར་པོ་བཅས་ལ་ཟེར་བ་ཡིན།

    (གཉིས) ཞིང་ལས་ལོ་ཏོག་གཙོ་བོ་མིན་པའི་ཐོ་འགོད་སོན་རིགས་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་འགྲེམས་བསྒྲགས་བྱས་པའི《ཞིང་ལས་ལོ་ཏོག་གཙོ་བོ་མིན་པའི་ཐོ་འགོད་དཀར་ཆག》ནང་འཁོད་པའི་ཞིང་ལས་ལོ་ཏོག་གི་སོན་རིགས་ལ་ཟེར་བ་ཡིན། ནས་དང་པད་ཁ་སོགས་ཞིང་ལས་ལོ་ཏོག་ལ་སོན་རིགས་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་རྒྱུ།

    (གསུམ) ནགས་ཤིང་གཙོ་བོ་ཞེས་པ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་གཏན་འཁེལ་དང་སྦྲགས་ཁྱབ་བསྒྲགས་བྱས་པའི་ནགས་ཤིང་གཙོ་བོ་དང་། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ཁ་སྐོང་ཁྱབ་བསྒྲགས་བྱས་པའི་ནགས་ཤིང་གཙོ་བོར་ཟེར་བ་ཡིན།

    དོན་ཚན་ལྔ་བཅུ་པ། རྡོ་ཐ་དང་། ཀྲུང་(བོད)སྨན་རྫས། ཟས་སྤྱོད་ཤ་མོའི་སོན་རིགས་བཅས་ཀྱི་སོན་རྒྱུའི་ཐོན་ཁུངས་དོ་དམ་དང་། དེ་བཞིན་སོན་རིགས་སྒྲུག་འདེབས་དང་། ཐོན་སྐྱེད་གཉེར་སྐྱོང་། དོ་དམ་སོགས་ཀྱི་བྱེད་སྒོར་བྱ་ཐབས་འདི་དཔྱད་གཞིར་བྱས་ནས་ལག་བསྟར་བྱེད་རྒྱུ།

    དོན་ཚན་ང་གཅིག་པ། བྱ་ཐབས་འདི་2021ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2007ལོའི་ཟླ་11ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པའི་ཐོག་གྲོས་འཆམ་བྱུང་བའི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དུས་མཚུངས་སུ་རྩིས་མེད་གཏོང་རྒྱུ།

    (བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།