ཚེས་21ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ཉེ་ཆར་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དུས་མཚམས་གོང་མའི་ལས་དོན་ཕྱོགས་སྡོམ་བྱས་པ། མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། ད་དུང་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་ལས་དོན་སྐོར་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲོང་ཡན་གྱིས། དུས་མཚམས་གོང་མར། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”བྱེད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། རང་འགན་གཙང་མར་སྒྲུབ་པ། རྒྱུན་མཐུད་དམག་འཐབ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དགའ་གཏོང་དང་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ལ་དགའ་སྤྲོའི་ངང་བསུ་བ་ཞུས་ཡོད། ངས་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡི་ཚབ་ཞུས་ནས་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན་ཞེས་གསུངས་པ་རེད།
ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་བོད་ཀྱི་ལས་དོན་ཐམས་ཅད་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའི་ལས་འགན་ཞིག་ཏུ་བརྩི་བ་དང་། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་དང་གཅིག་གྱུར་ཏན་ཏིག་བྱེད་པ། འགན་འཁྲི་སེམས་ལ་འཇོག་པ་དང་། ལག་ཏུ་འཛིན་པ། ཕྲག་ཏུ་འཁུར་བ། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཉེན་ཁ་དང་འགྲན་སློང་ཁོང་དུ་ཏན་ཏིག་ཆུད་པ། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་པ། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་ཆེར་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། རྙོག་འཛིང་ཆེ་བའི་རྣམ་པར་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕན་ནུས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་མངོན་གསལ་དོད་པོས་སྲུང་སྐྱོང་བྱེད་པ། འགྲོ་ལམ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་ལ་ཞིབ་ཚགས་པའི་སྒོ་ནས་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཉེན་ཁ་ཚབས་ཆེན་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་དགོས། འགན་འཁྲི་དམ་ནན་དུ་གཏོང་དགོས་ཤིང་། ལས་བྱེད་པའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་གནས་ལ་འབྱོར་བ་དང་། མི་སྣ་གནས་ལ་འབྱོར་བ། བསམ་བློ་གནས་ལ་འཁེལ་བ། བྱ་དགའ་ཆད་གཅོད་གནས་ལ་འཁེལ་བ། སྤྱོད་ཚུལ་གནས་ལ་འཁེལ་བ་བཅས་ཡོང་བའི་འགན་ལེན་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།