དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་བོད་ཀྱི་ལོ་གསར་རིང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-23

    ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷ་སའི་འབྲེལ་ཡོད་ཁེ་ལས་དང་ཁྲོམ་རའི་ཚོང་ཁང་དུ་ཕེབས་ནས་བོད་ཀྱི་ལོ་གསར་རིང་དངོས་ཟོག་མཁོ་སྤྲོད་དང་། བཟའ་བཅའི་བདེ་འཇགས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བཅས་ལ་བརྟག་ཞིབ་གནང་བ་དང་འབྲེལ། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་ཡོད་པ་རེད།

    བོད་ལྗོངས་ཞི་ཧའེ་གྲང་ཕྲེང་ཟོག་འགྲེམས་ཚད་ཡོད་ཀུང་སི་ནི་འཁྱག་གཏོང་དང་། གྲང་ཉར། བཀར་འཇུག སྡེབ་སྐྱེལ། ལས་སྣོན། ཉོ་ཚོང་། ཚོང་དོན་ཞབས་ཞུ་སོགས་གཅིག་ཏུ་འདུས་པའི་ནུས་པ་མང་བའི་གཅིག་འཐུས་རྣམ་པའི་གྲང་ཉར་ཟོག་འགྲེམས་ཁེ་ལས་ཆེ་གྲས་ཤིག་ཡིན་པ་དང་། ཉིན་ལྟར་འཁྱག་གཏོང་ཚོང་ཟོག་སྣ་ཚོགས་ཏུན་200ལྷག་ཙམ་ཉོ་ཚོང་བྱེད་ཀྱི་ཡོད། ཡན་ཅིན་ཧའེ་ཡིས་གསོག་ཉར་ནུས་པ་དང་། གྲང་ཕྲེང་བཟའ་བཅའི་རིགས་དང་འགྲོ་ཕྱོགས། དུག་སེལ་ལས་སྒྲུབ་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་བཟའ་བཅའི་བདེ་འཇགས་དེ་དམངས་འཚོའི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པས། ང་ཚོས་ངེས་པར་དུ“ནན་ཤོས་བཞིའི”བླང་བྱ་གཞིར་བཟུང་བཟའ་བཅའི་བདེ་འཇགས་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་མཐའ་གཅིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་དགོས།

    ཚོང་རའི་བྱེད་པོ་ཁག་གིས་ཡིད་རྟོན་ཚོང་གཉེར་དང་། ཞབས་ཞུའི་བྱ་སྤྱོད་ནན་ཏན་ངང་ཚད་ལྡན་དུ་གཏོང་བ། རང་གཅུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཟུགས་བརྙན་བཟང་པོ་དང་གཉེར་སྐྱོང་གི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཟོག་ཁུངས་སྒྲིག་འཛུགས་ཞིབ་ཚགས་དང་། དངོས་ཟོག་གྲབས་གསོག་གཏོང་འདྲེན་ལ་ཤུགས་སྣོན་རྒྱག་པ། ནང་འདྲེན་གྲང་ཕྲེང་བཟའ་བཅའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཁོ་སྤྲོད་འདང་ངེས་དང་། འཁོར་རྒྱུག་གོ་རིམ་ལྡན་པ། ཟོག་གོང་བརྟན་པོ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་འཁོར་སྦྲེལ་ཧྲིལ་པོ་དང་། ཚད་གཞི་ནན་པོ། ཁུངས་འདེད་ཆོག་པ་བཅས་ཀྱི་དེང་རབས་ཅན་གྱི་གྲང་ཕྲེང་ཟོག་འགྲེམས་མ་ལག་བཏོད་དེ་བཟའ་བཅའི་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་ལྕེ་ཐོག་གི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡུན་ཏ་དང་ཧྲེན་ཐུང་། པའེ་ཧྲི་བཅས་ཀྱི་མྱུར་སྐྱེལ་དབྱེ་འབྱེད་ལྟེ་གནས་སུ་ལོ་གསར་གྱི་མཁོ་ཆས་ཐུམ་སྒྲིལ་རེ་རེ་བཞིན་ལ་རིམས་འགོག་དུག་སེལ་བྱས་རྗེས་གནད་ལ་འཁེལ་པོས་འཇོག་ཡུལ་ཁག་ཏུ་བཞག་ནས་མྱུར་སྐྱེལ་བས་ཐུམ་སྒྲིལ་ཁག་སྐྱེལ་བར་འགྲོ་རྒྱུར་གྲ་སྒྲིག་བྱེད་བཞིན་མཆིས། ཡན་ཅིན་ཧའེ་ཡིས་ཚང་མར་ཉིན་རེའི་ལས་ཡུན་དང་། ཉིན་རེའི་ཆ་སྙོམས་དབོར་གྲངས། བདེ་འཇགས་འགན་ལེན། ཡོང་འབབ། དེ་བཞིན་གཞི་རིམ་གྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་སྐོར་ལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད། ཁོང་གིས། མྱུར་སྐྱེལ་ལས་རིགས་དེ་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། མྱུར་སྐྱེལ་བས་རང་ཉིད་ཀྱི་རྔུལ་ཆུར་བརྟེན་ནས་ཚང་མའི་འཚོ་བར་སྟབས་བདེ་བསྐྲུན་གྱི་ཡོད། དེས་ན་ཚང་མས་བསམ་བློའི་ཉམས་འགྱུར་བཟང་པོ་རྒྱུན་འཁྱོངས་བྱས་ནས་ཞབས་འདེགས་ཡག་པོ་ཞུ་བ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཕྱིར་སྐྱོད་བདེ་འཇགས་ལ་དོ་སྣང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས“བདེ་སྐྱིད་ཀྱི་བརྒྱུད་སྤྲོད་པ”ཡག་པོ་ཞིག་བྱེད་རྒྱུའི་རེ་བ་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་ཟོག་འགྲེམས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་མཉམ་དུ་བསལ་ནས་ཐག་རིང་ལུང་ཁུག་ས་ཁུལ་དང་ཞིང་འབྲོག་པར་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།

    བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པ་དང་བསྟུན་ནས་བར་སྐོར་ཚོང་གྲོང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཕྱེ་མར་འབོ་དང་། རྩེ་གྲོ ཁ་ཟས། བྱི་རིལ་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་འཚོང་བཞིན་ཡོད་པས་ལོ་གསར་གྱི་རྣམ་པ་ཟབ་མོ་མཆིས། ཡན་ཅིན་ཧའེ་དང་བཅས་པས་ཕེབས་ཞོར་གཟིགས་ཞོར་དུ་ཚོང་དུད་དང་བྱམས་བརྩེའི་བཀའ་མོལ་གནང་ནས། ཚོང་ཟོག་བྲིན་ཚོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཁོང་ཚོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང་ཚོང་ཡག་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་རྨང་གཞིའི་ཐོག་ཁྲོམ་རའི་དོ་དམ་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཉོ་སྒྲུབ་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ། མི་རིགས་ཁག་གི་མང་ཚོགས་ཚོར་ཁྲོམ་ར་དར་རྒྱས་ཀྱི་ཕན་པ་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།