དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-23

    ◆ ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་2022ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་བཅས་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2021ལོའི་ལས་དོན་ཕྱོགས་སྡོམ་སྙན་ཞུ་དང་2022ལོའི་ལས་དོན་གྱི་གཙོ་གནད་དང་། 《རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་གིས་སྣེ་ཁྲིད་དེ་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་བྱེད་པའི་འགན་འཁྲིའི་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་གནས་སྐབས་ལག་བསྟར་བྱ་ཐབས》 《གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཝང་ཅུན་ཀྲེང་གིས། འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་ཇུས་འགོད་དང་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དང་། དཔལ་འབྱོར་སྒྲིག་སྲོལ། སྐྱེ་ཁམས་ཤེས་དཔལ། མཐའ་མཚམས་བཅོས་སྐྱོང་། དམངས་འཚོ་དང་ཏང་འཛུགས་སྐྱོང་སོགས་ཀྱི་སྒྱུར་བཅོས་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བདེ་འཇགས་དང་འཕེལ་རྒྱས་དང་། དངོས་པོ་དང་བསམ་པ། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ། ལས་ཕྱོད་དང་འདྲ་མཉམ། སྲོལ་རྒྱུན་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས་བཅས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ད་ཡོད་ཀྱི་སྒྱུར་བཅོས་ལ་ཚད་བརྒལ་བྱུང་བའི་རྨང་གཞིའི་ཐོག་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་དམིགས་ནས་སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ཤུགས་རྒྱག་དགོས་ཤིང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་མ་ལག་ཁྲིམས་ལྟར་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་བོད་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་སྔར་བས་ཆགས་པར་བྱེད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་དམིགས་ནས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་གཙོ་གནད་སྒྱུར་བཅོས་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ཆུང་ས་ནས་འགོ་བཙུགས་ཏེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་དམིགས་ནས་སྐྱེ་ཁམས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། འཕེལ་རྒྱས་དང་སྲུང་སྐྱོང་མཐུན་སྦྱོར་མཉམ་གནས་ཡོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་། སྐྱེ་ཁམས་སྒྲིག་སྲོལ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་གཏོད་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་དམིགས་ནས་མཐའ་མཚམས་བཅོས་སྐྱོང་མ་ལག་གི་ཁྱབ་ཁོངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། ཏང་སྲིད་དམག་ཉེན་དམངས་བཅས་མཉམ་དུ་མཐའ་མཚམས་སྟོབས་ཆེ་རུ་དང་སྲ་བརྟན་དུ་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་སྐྲུན་པ་དང་དྲང་གཞག་ངང་མི་སྤྱོད་པའི་ལམ་སྲོལ་འཛུགས་རྒྱུར་དམིགས་ནས་ཏང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཤིང་། དཔྱད་ཞིབ་དང་རྟོག་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཆེ་རུ་གཏོང་བ། ཕུལ་བྱུང་ཤེས་ལྡན་མི་སྣའི་ནུས་རྩལ་ཀུན་འདོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ལ་ལྟ་སྐུལ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལས་ཀ་བྱེད་ཕོད་པ་དང་། ལས་ཀ་བྱེད་ཐུབ་པ། ལས་ཀ་ལེགས་པར་སྒྲུབ་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་འགོ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ“འགོ་ཁྲིད་ཨང་དང་པོའི”འདུ་འགོད་དུ་བརྩིས་ནས་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་བཞིན་གནོན་ཤུགས་སྤྲད་དེ་སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། འདུ་ཤེས་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་གནད་སྨིན་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་ཡུལ་བབ་དང་བསྟུན་ནས་འགག་གནད་ཐག་གཅོད་དང་། འགག་ས་གཤོང་བ། དཀའ་གནད་སེལ་བ་བཅས་བྱེད་དགོས།“ཞིབ་བཤེར་བཞི”ནང་དོན་གཙོ་བོར་བྱས་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ནན་ཏན་ངང་སྤེལ་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་གིས་ཐབས་ཇུས་ཚན་རིག་དང་མཐུན་ལ་དམངས་གཙོ་ལྡན་པ་དང་། ལག་བསྟར་འཕྲལ་ཐག་ཆོད་ལ་ནུས་པ་དང་ལྡན་པ། ལས་དོན་སྒྲུབ་སྐབས་ཁྲིམས་དང་མཐུན་ལ་ནུས་པ་ཆེ་བ་བཅས་ཐུབ་པར་བྱས་ཏེ་སྒྱུར་བཅོས་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།