དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་པར་ཤུགས་སྣོན་རྒྱག་པའི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-02-18

    ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་རྒྱུར་ཤུགས་སྣོན་རྒྱག་པའི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལག་བསྟར་བསམ་འཆར་དང་ལས་དོན་གྱི་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་གནང་བ་དང་སྦྲགས། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”རང་འགུལ་ངང་ལག་བསྟར་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་བཅས་བྱས་ཏེ་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་དང་། དོན་དངོས་ལ་གཞི་ཚུགས་པ་དང་དམངས་ཀྱི་འདོད་བློ་དང་འཚམ་པའི་བྱེད་ཐབས་གལ་ཆེན་ཞིག ཕྱོགས་སྒྱུར་འཕེལ་རྒྱས་དང་འབད་འབུངས་རྗེས་སྙེག་གི་ལྡོག་མེད་ཀྱི་བླང་བྱ་ཞིག གོ་སྐབས་དམ་འཛིན་དང་འབྱུང་འགྱུར་ལ་རྒྱལ་ཁ་ལེན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག ངེས་པར་དུ་ལན་འདེབས་དགོས་པ་མ་ཟད་ལན་ཡག་པོ་འདེབས་དགོས་ངེས་ཀྱི་དུས་རབས་ཀྱི་རྒྱུགས་ཤོག་ཅིག་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དགོས་གཏུགས་ཀྱི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས། སླར་ཡང་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། བསམ་བློ་གཅིག་གྱུར་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་པར་སྐུལ་འདེད་གཏོང་ཆེད། གོམ་སྟབས་དང་པོ་ཡག་པོ་སྤོས་ནས་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གཅིག་ནས་ཤེས་རྟོགས“གཏིང་ཟབ”དང་གནད་འགག་གསུམ་ཁོང་དུ་ཆུད་པར་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་གཏོད་སྐབས་རྩ་བ“ས་མཐོར”ཚུགས་པ་དང་། གནད་འགག“སྔོན་སྤེལ”ལ་ཐུག་པ། སྙིང་པོ“སྤུས་ཚད་མཐོ་པོ”ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཐོན་ཁུངས་ཀྱི་ཁྱད་འཕགས་ལ་གཞི་བཙུགས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་དམིགས་ས། དྭངས་གཙང་ནུས་རྒྱུའི་རྟེན་གཞི། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བཅས་བསྐྲུན་རྒྱུར་དམིགས་ཏེ་ས་མཐོའི་མཚོན་རྟགས་དང་། ལྗང་མདོག་མཚོན་རྟགས། དམིགས་བསལ་མཚོན་རྟགས་བཅས་གཏོད་པ་དང་། ཕྱི་ཤུགས་ཡག་པོ་སྤྱོད་པ་དང་ནང་ཤུགས་ཆེ་རུ་བཏང་ནས་མཉམ་ཤུགས་ཤིག་གྲུབ་པར་བྱེད་དགོས། གཉིས་ནས་ཁ་ཕྱོགས་གནད་འཁེལ་བྱས་ཏེ་ལས་དོན་ཁག་གསུམ་ཡག་པོ་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ་གཙོ་གནད་ཐོག“སྣེ་མོ”ཚད་བརྒལ་དང་། དོ་སྙོམས་ཀྱི“གནས”མཐུན་སྦྱོར། “ཁྱོན”སྦྲེལ་མཐུད་བཅས་བྱེད་དགོས། སྒྱུར་བཅོས་གསར་གཏོད་ལ་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། བསམ་བློའི་འཁྱེར་སོ་ལེགས་སུ་བཏང་ནས་འཕེལ་རྒྱས་ལ་ཕྱོགས་གང་ས་ནས་སྣེ་ཁྲིད་བྱེད་པ། སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་སྣེ་ཁྲིད་མཐའ་འཁྱོངས་བཅས་བྱས་ཏེ། དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་གྱི“གསོ་སྐྱོང་དང་། སྣེ་ཁྲིད། བེད་སྤྱོད། ཉར་བ”བཅས་ཀྱི་འདུ་འགོད་ཆེན་པོ་བཞིའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དམངས་འཚོ་ལེགས་གཏོང་ལ་གཞི་བཙུགས་ནས་མི་སེམས་གཅིག་སྒྲིལ་བྱེད་པ་དང་དུས་མཚུངས་དཔལ་འབྱོར་གྱི་འཁོར་སྐྱོད་ཤར་བགྲོད་ཡོང་བ་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབ་པར་ཤུགས་སྣོན་རྒྱག་དགོས། གསུམ་ནས་བྱེད་ཐབས་ནན་པོ་ཡོང་བ་དང་དམ་འཛིན་བྱེད་གཞི་གསུམ་ལ་དམིགས་ཏེ། “སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་འོས་འཚམ་མདུན་གྲལ་དུ་སླེབས་པ་དང་། རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་གཏོང་རྒྱུ་འོས་འཚམ་གྱིས་ད་ལྟའི་ཚད་གཞི་ལས་བརྒལ་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཐོག་མཐའ་བར་གསུམ་དུ་སྔོན་ལ་སླེབས་པ”བཅས་ཀྱི་བླང་བྱ་ལྟར། སྤུས་ཚད་མཐོ་བའི་རྣམ་གྲངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི་འཆར་གཞི་ཡག་པོ་འདིང་བ་དང་ལས་དོན་དོན་འཁྱོལ་ཏན་ཏིག་བྱས་ཏེ་སྤུས་ཚད་མཐོ་བའི་ཐོན་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་སྤུས་ཚད་མཐོ་བའི་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་སྤེལ་བྱེད་དགོས། བཞི་ནས་འགན་འཁྲི་ཏན་ཏིག་འཁུར་བ་དང་འགན་ལེན་བཞི་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་ནན་དུ་གཏོང་བ་དང་། རྩིས་ཁྲ་ཞིབ་ཕྲ་བཟོ་བ། གནད་སྨིན་བཀོད་གཏོང་བྱེད་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་ལམ་ཐིག་ས་བཀྲ་དང་འཆར་འགོད་རི་མོ་དེ་ཨར་སྐྲུན་གྱི་འཆར་འགོད་དང་དངོས་ལྗོངས་འཆར་འགོད་ལ་ཏན་ཏིག་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།