དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་། རང་འགན་ནན་སྒྲུབ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-02-18

    ཚེས་16ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་2022ལོའི་ལས་ཀའི་གཙོ་གནད་སོགས་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་དང་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་དང་འབྲེལ་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི་སྟོབས་ཤུགས་ཀྱིས་ཁེངས་པ་དང་མི་རྣམས་ལ་ཡར་སྐུལ་ཐེབས་པ་ཞིག་ཡོད་ཅིང་། དེས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་དམ་ཟབ་དང་དཀའ་སྤྱད་འབད་བརྩོན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་མུ་མཐུད་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བར་ལྕག་སྐུལ་ཐེབས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་དྲན་ཤེས་ཟབ་ཏུ་གཏོང་བ། ཡིད་ཆེས་ཀྱིས་ཁེངས་བཞིན་མདུན་དུ་སྐྱོད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་རྣམ་དག་ཞུ་མཁན་དང“སྲུང་སྐྱོང་གཉིས”ཟོལ་མེད་ལག་ལེན་བསྟར་མཁན་ཞིག་བྱེད་དགོས། “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུཌ་གཏོད་བཞིར”སྐུལ་སྤེལ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་རྟོགས་ངང་ལུས་རྩལ་བྱ་གཞག་དེ་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་བྱས་ཏེ་རྩལ་འགྲན་ལུས་རྩལ་དང་། མང་ཚོགས་ལུས་རྩལ། ལུས་རྩལ་ཐོན་ལས། ལུས་རྩལ་རིག་གནས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བཟུང་ནས་གངས་འཁྱགས་ལུས་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གངས་འཁྱགས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རང་ལྗོངས་ཀྱི་གངས་འཁྱགས་ཐོན་ཁུངས་དང་གངས་འཁྱགས་ལུས་རྩལ་དེ་ཡུལ་སྐོར་རིག་གནས་ཐོན་ལས་དང་ཟུང་འབྲེལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གངས་འཁྱགས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་གངས་འཁྱགས་ཀྱིས་བཏུམས་པའི་ཡུལ་ལུང་གི་གསེར་རི་དངུལ་རིའི་རིན་ཐང་མངོན་པར་བྱེད་དགོས། རང་ལྗོངས་ཀྱི་རྩལ་འགྲན་ལུས་རྩལ་གྱི་ཁྱད་ཆོས་ལ་གཞིས་ཚུགས་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། ལས་སྟེགས་སྐྲུན་པ། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྦྱོང་བརྡར་བཅས་བྱས་ནས་རྩལ་འགྲན་ལུས་རྩལ་གྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་ཡོངས་ལུས་སྦྱོང་རྒྱལ་ཁབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་དམངས་ཡོངས་ལུས་སྦྱོང་ལུས་རྩལ་ཁྱབ་གདལ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ལུས་རྩལ་པའི་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་། མཐོང་ཆེན། རྒྱབ་སྐྱོར། དེ་བཞིན་ལུས་རྩལ་ནང་ཞུགས་པ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་ལུས་རྩལ་གྱི་སྙིང་སྟོབས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ། རང་འགན་ནན་སྒྲུབ། སྣེ་ཁྲིད་དཔེ་སྟོན་བཅས་བྱས་ནས་2022ལོའི་གཙོ་གནད་ལས་དོན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྔོན་ལ་དམ་འཛིན་དང་སྔ་ཙམ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་འགན་གལ་ཆེན་དང་། སྒྱུར་བཅོས་གལ་ཆེན། ལས་གྲྭ་གལ་ཆེན། དམངས་འཚོ་གལ་ཆེན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་མྱུར་པོ་བཏང་སྟེ། སྙིང་སྟོབས་ཆེན་པོར་བརྟེན་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས། “ཞིབ་བཤེར་བཞི”ནང་དོན་གཙོ་བོར་བྱས་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལས་ཀའི་ཕན་འབྲས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་པ་དང་སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས། གཙོ་གནད་མངོན་གསལ་དོད་པ་དང་གནད་འགག་ལ་དམ་འཛིན་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས། འཕྲེད་ནས་མཐའ་བར་དང་གཞུང་ནས་མཐིལ་བར་ཁྱབ་པའི་འགན་འཁྲིའི་ལམ་ལུགས་བཙུགས་ནས་དམིགས་ཚད་གཏན་འཁེལ་དང་། ལས་འགན་གཏན་འཁེལ། མི་སྣ་གཏན་འཁེལ། དུས་ཚོད་གཏན་འཁེལ། བྱ་དགའ་ཆད་གཅོད་གཏན་འཁེལ་བཅས་བྱས་ཏེ་ལས་དོན་མཐའ་དག་ཞིབ་ཕྲ་ཅན་དང་། ཞིབ་ཕྲའི་ལས་དོན་རྣམ་གྲངས་ཅན། འགན་འཁྲིའི་དོན་འཁྱོལ་ལ་ཕན་འབྲས་ལེགས་པོ་བཅས་སུ་འགྱུར་བ་བྱས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ནན་པོར་བརྟེན་ནས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ལོ་རྒྱུས་སྐོར་གྱི་དཔྱད་ཡིག་བསྡུ་རུབ་དང་། ཏང་གི་ལོ་རྒྱུས་ལ་ཞིབ་འཇུག ཏང་གི་ལོ་རྒྱུས་ཀྱི་དྲིལ་བསྒྲགས་སློབ་གསོ། ཏང་གི་ལོ་རྒྱུས་ཀྱི་དྲན་གསོའི་བྱེད་སྒོ་སོགས་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་དེ་བས་ལེགས་པའི་སྒོ་ནས་ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱེད་དགོས། གསང་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གསང་སྲུང་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་དང་ས་ཁོངས་ཀྱི་གསང་སྲུང་དོ་དམ་ལ་ཤུགས་སྣོན་རྒྱག་པ། གསང་དོན་ཕྱིར་གྱར་བའི་ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་བ། གསང་སྲུང་གི་དམར་ཐིག་མཐའ་ཚད་ནན་པོ་སྲུང་བ། གསང་སྲུང་གི་གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་ལྕགས་ལྟར་སྲ་བའི་སྒྲིག་ཁྲིམས་ནན་པོར་བརྟེན་ནས་གསང་དོན་ཕྱིར་གྱར་བའི་དོན་རྐྱེན་མ་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡིག་ཆ་འབྲི་བའི་ཚད་ལྡན་རང་བཞིན་དང་། གཟབ་ནན་རང་བཞིན། བརྒྱུད་རིམ་རང་བཞིན་བཅས་འགན་ལེན་བྱས་ནས་ལྗོངས་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི“དོར་བཅོས་བཟོ་གསུམ”གྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཅིག་ཆགས་པར་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།