ཟླ་2ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་2ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞི་ཚུགས་པ། ཤེས་ལྡན་མི་སྣའི་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན། བསགས་འབོར་བརྟན་པོ་དང་། འབོར་ཚད་རྒྱ་སྐྱེད། སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཕུལ་བྱུང་ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པའི་ཁོར་ཡུག་ཧུར་ཐག་བཏོད་ནས་གཞི་ཁྱོན་འཚམ་པོ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་ལེགས་པ། ཁྱད་ཆོས་མངོན་གསལ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གཅིག་བསྐྲུན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལའེ་ཅའོ་དང་། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པར་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་སྟེ་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་བྱ་གཞག་ཁག་ལ་དམ་པོར་དམིགས་ཏེ་ཤེས་ལྡན་མི་སྣའི་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་དང་། གསོ་སྐྱོང་། གདམ་གསེས་བཅས་བྱེད་པ། སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་བ་བཅས་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་སྐུལ་འདེད་གཏོང་བར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས། “གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་ཁུར་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཤེས་ལྡན་མི་སྣ་ནི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྩ་བ་རྨང་གཞི་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ཇུས་ཆེན་རེད། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་དགོས། “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞི”གཙོ་རྒོལ་དུ་བྱེད་པ། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་ཟུང་འབྲེལ་མཐའ་འཁྱོངས། སྤྱི་འདོམས་མཐུན་སྦྱོར་དང་རིགས་དབྱེ་མཛུབ་ཁྲིད་ཟུང་འབྲེལ་མཐའ་འཁྱོངས། ཞབས་འདེགས་སྤུས་ལེགས་དང་ཁོར་ཡུག་ལེགས་སུ་གཏོང་བ་ཟུང་འབྲེལ་མཐའ་འཁྱོངས། ཡུན་རིང་བདེ་འཁོད་མངོན་འགྱུར་དང་མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། དམངས་འཚོ་ལེགས་གཏོང་འགན་ལེན། སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ། ལྷོ་ནུབ་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ། ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ཁྲོད་གཅིག་སྡུད་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕུལ་བྱུང་ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་ཆགས་པར་བྱས་ནས“གསོ་སྐྱོང་དང་། ཁྲིད་སྟོན། བེད་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་རྣམ་གསར་པ་ཟམ་མི་ཆད་པར་གཏོད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འདུ་འགོད་ལག་བསྟར་དང་། རང་འགུལ་ངང་དུས་བབ་འཕེལ་རྒྱས་དང་འཚམ་པར་བྱེད་པ། མཐོ་སློབ་ཀྱི་འཐབ་ས་གཙོ་བོའི་ནུས་པ་འདོན་སྤེལ། ད་ཡོད་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཡག་པོ་སྤྱོད་པ། བྱང་ཚད་མཐོ་བའི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་། ན་གཞོན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱོད་པར་གཙིགས་ཆེན་བཅས་བྱས་ཏེ་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་གི་ལམ་བུར་ཡག་པོར་སྐྱོད་དགོས། ཐབས་ལམ་རྒྱ་སྐྱེད་བཏང་སྟེ་ཤེས་ལྡན་མི་སྣ་ནང་འདྲེན་གྱི་འདུ་འགོད་ལག་བསྟར་བྱས་ཏེ་གོ་སྐབས་དམ་འཛིན་དང་བྱེད་ཐབས་གསར་གཏོད་དང་། དགོས་མཁོའི་སྟོན་ཕྱོགས་འབུར་དུ་ཐོན་པ། སྤུས་ཚད་ཕན་འབྲས་ལ་གཙིགས་ཆེན། འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ལ་མཁོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བཅས་བྱས་ནས་ནང་འདྲེན་བྱས་པའི་ཤེས་ལྡན་མི་སྣ་གདམ་གསེས་གནད་འཁེལ་དང་། ཡག་པོ་སྤྱོད་ཐུབ་པ། བྱ་གཞག་ལེགས་པར་སྒྲུབ་ཐུབ་པ་བཅས་ཡོང་བར་བྱེད་དགོས། དྲང་སྲུང་གསར་གཏོད་ཀྱིས་ཤེས་ལྡན་མི་སྣ་སྤྱོད་པའི་འདུ་འགོད་ལག་བསྟར་བྱས་ནས་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། འདུ་ཤེས་གསར་བརྗེས་དང་། གནད་སྨིན་བེད་སྤྱོད། དབང་སྤྲོད་ལྷུག་གཏོང་། ཚན་རིག་དང་མཐུན་པའི་ངང་གདེང་འཇོག གསར་གཏོད་ལ་སྐུལ་ལྕག འཁོར་རྒྱུག་སྐུལ་འདེད་ལ་འབད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བེད་སྤྱོད། ཞབས་འདེགས། རྒྱབ་སྐྱོར། སྐུལ་ལྕག་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་བ། མི་སྤྱོད་བྱེད་པོའི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ནས་ཤེས་ལྡན་མི་སྣ་ཡག་པོ་སྤྱོད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣར་གྲུབ་འབྲས་ཐོབ་པར་བྱེད་དགོས། བརྩེ་སེམས་ཟབ་མོས་ཤེས་ལྡན་མི་སྣ་གནས་ཐུབ་པའི་འདུ་འགོད་ལག་བསྟར་བྱས་ཏེ་སྤྲོ་སེམས་ཆེན་པོས་རིགས་ཁག་གི་ཤེས་ལྡན་མི་སྣའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཤེས་ལྡན་མི་སྣར་གཟིགས་སྐྱོང་བྱེད་པའི་ཞབས་ཞུའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་མི་སྣའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ། བརྩེ་སེམས་ལ་བརྟེན་ནས་ཤེས་ལྡན་མི་སྣ་གནས་ཐུབ་པ་དང་། ཐོབ་ཐང་ལ་བརྟེན་ནས་ཤེས་ལྡན་མི་སྣ་གནས་ཐུབ་པ། བྱ་གཞག་ལ་བརྟེན་ནས་ཤེས་ལྡན་མི་སྣ་གནས་ཐུབ་པ་བཅས་དངོས་འབྲེལ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྲིད་ཇུས་དང་། མཐུན་སྦྱོར། ཞབས་འདེགས་བཅས་ལ་དོ་དམ་བྱེད་པའི་འགན་འཁྲི་ཡག་པོ་སྒྲུབ་པ། “འགོ་ཁྲིད་ཨང་དང་པོས”ཤེས་ལྡན་མི་སྣའི་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ། ཤེས་ལྡན་མི་སྣའི་ལས་དོན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཤེས་ལྡན་མི་སྣར་སེམས་ཁུར་གཅེས་སྐྱོང་དང་། ཤེས་ལྡན་མི་སྣའི་སེམས་གནས་ཐུབ་པ། ཤེས་ལྡན་མི་སྣར་རྒྱབ་སྐྱོར་དང་རོགས་རམ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་བ་དང་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ནང་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་ནས་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩེ་རིམ་ཇུས་འགོད་དང་ཁ་ཕྱོགས་འཆར་འགོད་གནང་ཡོད། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས་རང་རྟོགས་ངང་བོད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ངོས་འཛིན་བྱེད་པ་དང་། མཐའ་མཚམས་དང་མི་རིགས་ས་ཁུལ་གྱི་དམིགས་བསལ་ཁོར་ཡུག་ཁྲོད་བཞག་ནས་བསམ་གཞིག་བྱེད་པ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་རིང་སྟངས་འཛིན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་། བོད་ལྗོངས་སློབ་ཆེན། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་། བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཚད་ཡོད་ཀུང་སི། གཞིས་རྩེ་གྲོང་ཁྱེར་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།