ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་བ།
ཟླ་2ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་འཐབ་ཕྱོགས་དང་པོའི་སྡེ་ཚན་དུ་ཕེབས་ནས་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ།
ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་སྐབས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱེད་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བརྟན་པོའི་ངང་ལག་བསྟར་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་འཐབ་ཕྱོགས་དང་པོའི་སྡེ་ཚན་དུ་ཕེབས་ནས་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ཞིང་། འཕེལ་རྒྱས་འཆར་འགོད་ཁྲུའུ་དང་། རྨང་གཞི་ཁྲུའུ། མ་འཇོག་ཁྲུའུ་བཅས་སུ“ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་གལ་ཆེན་གྱི་ལག་བསྟར་ཇུས་གཞི་དང་མ་འཇོག་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། ཚང་མར་འདུ་ཤེས་གསར་བརྗེས་དང་སྒྱུར་བཅོས་གསར་གཏོད་ཀྱིས་གཞི་ཆེའི་སྤྱི་ཡོངས་ལ་སྟངས་འཛིན་དང་གཞི་ཆུང་གི་དོན་འཁྱོལ་ལ་དམ་འཛིན་བྱས་ནས། ལག་བསྟར་ཇུས་གཞིར་དམིགས་ས་དང་སྤྱོད་འཐུས་རང་བཞིན་ཡོད་པའི་འགན་ལེན་གྱིས། འགོ་ཁྲིད་ལས་བྱེད་པས་འགན་ལེན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་འཕེལ་སྒྱུར་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ནས། ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགག་རྩའི་ལོ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་རེད། རིམ་ཁག་འཕེལ་སྒྱུར་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གཏན་ལ་ཕབ་པའི་བཀོད་སྒྲིག་གི་ཚད་གཞི་དང་ཡང་ཡང་བསྡུར་བ་བཅས་བྱས་ཏེ་འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། སྤྱི་ཡོངས་ལ་བསམ་གཞིག དོན་ཆེན་ལ་དམ་འཛིན་བཅས་བྱས་ནས་ལས་ཀའི་སྔ་བལྟས་རང་བཞིན་དང་། སྔོན་དཔག་རང་བཞིན། དངོས་ཕན་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཕེལ་སྒྱུར་ཨུ་ལྷན་ནི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཇུས་འགོད་བྱེད་མཁན་གྱི་གཞི་ཆེའི་སྡེ་ཚན་ཞིག་ཡིན་པས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ནས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བདེ་འཇགས་དང་འཕེལ་རྒྱས་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པར་ཡུན་རིང་བདེ་འཁོད་ལ་དམིགས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། དངོས་པོ་དང་བསམ་པའི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པར་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བསམ་བློའི་གནད་དོན་ཡང་ཐག་གཅོད་བྱས་ནས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་ཕུན་སུམ་ཚོགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཟབ་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བཅས་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། ལས་ཆོད་དང་དྲང་གཞག་གི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་ལ། དྲང་གཞག་ལ་དེ་བས་ཀྱང་ལྟ་རྟོག་བྱས་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་སྲུང་སྐྱོང་དང་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པར་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ནས་དེང་རབས་རིག་གནས་དང་མཉམ་འདྲེས་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་འཐབ་ཇུས་ལས་འགན་གལ་ཆེན་དང་། སྒྱུར་བཅོས་སྐུལ་སྤེལ་གལ་ཆེན། འདུ་འགོད་འཛུགས་སྐྲུན་གལ་ཆེན། དམངས་འཚོའི་ལས་དོན་གལ་ཆེན་བཅས་ཀྱི་ཚན་རིག་དང་མཐུན་པའི་ཇུས་འགོད་ལ་དམིགས་ཏེ། བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས། མ་འཇོག་ནུས་ལྡན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་དང་། གོ་སྐབས་ལ་དམ་འཛིན་ནན་པོ། གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བཅས་བྱས་ནས། རྒྱལ་ཁབ་ཀྱི་མ་འཇོག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། སྤུས་ལེགས་མ་འཇོག་སྐྱེད་སྲིང་ཧུར་ཐག་བྱས་ནས་སྤུས་ཚད་ལྡན་པ་དང་རྒྱུན་མཐུད་ཆོག་པའི་མ་འཇོག་ལ་གཙོ་གནད་དམ་འཛིན་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། མངོན་གསལ་དོད་པོས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་རྒྱུད། དཔལ་འབྱོར་ནི་ཁྱོན་བཅས་ཡིན་པ་མཐའ་འཁྱོངས་ཀྱིས་ཐོན་ལས་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཐོན་ལས་སྐྱེད་སྲིང་ལ་མཐོང་ཆེན་བྱས་ཏེ་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུའི་ལས་རིགས། གྲངས་འཛིན་དཔལ་འབྱོར། ས་མཐོའི་སྐྱེ་དངོས། མཐའ་མཚམས་ཚོང་དོན་ཟོག་འགྲེམ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་དགོས། ཚོང་འགུགས་མ་འདྲེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྣམ་གྲངས་ཚོང་འགུགས་དང་། གླིང་ཁུལ་ཚོང་འགུགས ཐོན་ལས་ཚོང་འགུགས། ཁེ་ལས་ཚོང་འགུགས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས། ལྗོངས་ཕྱི་ནང་གི་ཁེ་ལས་བོད་དུ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དམངས་འཚོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི”རྣམ་གྲངས་ཅན་དང་གསལ་ཐོ་ཅན་དུ་བཟོས་ཏེ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་དང་ལོ་རེ་རེ་བཞིན་གནད་དོན་ཐག་གཅོད་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལག་རྩལ་གྱི་ལེགས་ཆ་དང་ཤེས་ལྡན་པའི་ལེགས་ཆ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་དཔལ་འབྱོར་གྱི་ལེགས་ཆ་དང་རྗེས་འཕེལ་གྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་སྤྱི་རྒྱལ་ནང་གི“འཁོར་རྒྱུག་གཉིས”ཀྱི་བཀོད་པ་ཆེན་པོ་དང་མཉམ་འདྲེས་ཧུར་ཐག་ཐུབ་པར་བྱེད་དགོས། ནུས་རྒྱུ་དང་ཟོག་གོང་སོགས་ཀྱི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ཏེ། ནུས་རྒྱུའི་བདེ་འཇགས་དང་བཟའ་བཅའི་བདེ་འཇགས་འགན་ལེན་བྱས་ནས་རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མཐའ་མཚམས་འཛུགས་སྐྲུན་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་དང་སྦྲེལ་མཐུད་ནུས་ལྡན་དང་གཞི་གཅིག་ཏུ་ཇུས་འགོད་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་འཕེལ་སྒྱུར་སྡེ་ཚན་གྱིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། “འགན་འཁྲི་བ་ཨང་དང་པོའི”འགན་འཁྲི་ནན་དུ་གཏོང་བ་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཡག་པོ་བྱས་ནས་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་ཕན་ཚུན་སྐུལ་སྤེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བཤད་པ་དེ་བྱས་པ་དང་བྱས་པ་དེ་ཡག་པོ་གྲུབ་པར་བརྩི་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་། གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་བ། ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཧུར་ཐག་བྱེད་དགོས། སྒྲིག་ཁྲིམས་ཀྱི་དམར་ཐིག་ནན་པོ་བསྲུངས་ནས་ལམ་ལུགས་ལ་བརྟེན་ཏེ་མི་དང་བྱ་བར་དོ་དམ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་དབང་ཆ་ཁ་གསལ་སྤྱོད་པའི་འགན་ལེན་བྱེད་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣