དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ་སྲང་ལམ་ཆེ་ཆུང་གང་སར་ལོ་གསར་གྱི་རྣམ་པ་ཟབ་མོས་ཁེངས་ཤིང་། ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བོད་ལྗོངས་དངུལ་ཁང་མི་རིགས་བྱང་ལམ་ཉིང་ལག་དངུལ་ཁང་དང་། ལེན་ཐུང་བོད་ལྗོངས་ཡན་ལག་ཀུང་སི། ལྷ་ས་གྲོང་ཁྱེར་ཆུ་ཀ་ལ་ཀུང་སི། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་འདམ་ར་ལམ་སྣུམ་སྣོན་ས་ཚིགས་བཅས་སུ་ཕེབས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་དོན་མི་སྣར་ལོ་གསར་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སངས་རྒྱས་གྲགས་པ་ལྷན་དུ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ཡོད་པ་རེད།
བོད་ལྗོངས་དངུལ་ཁང་མི་རིགས་བྱང་ལམ་ཉིང་ལག་དངུལ་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་ལས་བཟོ་རེ་རེ་བཞིན་དང་ཕྱག་བཏང་སྟེ་ཁོང་ཚོར་མཇལ་དར་སྒྲོན་པ་དང་འབྲེལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་དང་ཁྱིམ་ཚང་འཆམ་མཐུན་དང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་ཤིང་། ཁོང་གིས་བོད་ལྗོངས་རང་ཡུལ་གྱི་དངུལ་ཁང་ཞིག་ཡིན་པའི་བོད་ལྗོངས་དངུལ་ཁང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ་བོད་ཀྱི་འཕེལ་རྒྱས་འཛུགས་སྐྲུན་དང་མི་སེར་གྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
ལེན་ཐུང་བོད་ལྗོངས་ཡན་ལག་ཀུང་སིར་བློ་བཟང་རྒྱལ་མཚན་གྱིས་འཕྲིན་གཏོང་ཐོག་ཁང་དང་ལེན་ཐུང་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་ལྟེ་གནས་སུ་གཟིགས་སྐོར་གནང་བ་རེད། ཁོང་གིས། ལེན་ཐུང་བོད་ལྗོངས་ཡན་ལག་ཀུང་སིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་འཕྲལ་སྡོམ་འཕྲིན་གཏོང་གི་འགན་ལེན་ལས་དོན་ཏན་ཏིག་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱས་ཏེ། རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་ཆུ་ཀ་ལ་ཀུང་སི་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་འདམ་ར་ལམ་སྣུམ་སྣོན་ས་ཚིགས་སུ་བློ་བཟང་རྒྱལ་མཚན་གྱིས་ལས་དོན་མི་སྣ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཚང་མས་དཀའ་སྤྱད་ལས་སྒྲུབ་དང་ལས་བཀུར་ནན་ཏན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་ལས་གནས་བརྟན་སྲུང་དང་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ། དཔྱིད་གསར་དུས་ཆེན་རིང་གི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་བདེ་འཇགས་དང་འཆམ་མཐུན་ལྡན་པའི་ལོ་གསར་ཞིག་གཏོང་ཐུབ་པར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།