ཚེས་27ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ལྷ་སའི་ལྷོ་རི་དང་བྱང་རིའི་སྔོ་འགྱུར་འདུ་འགོད་དང་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལྷ་སའི་ལྷོ་རི་དང་བྱང་རིའི་སྔོ་འགྱུར་འདུ་འགོད་ལག་བསྟར་བྱེད་པ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འཆར་གཞི་ཡག་པོ་བཏིང་སྟེ་རྒྱུན་སྲིང་ལྷོད་མེད་ངང་རང་ལྗོངས་ཀྱི་གཙང་པོ་རྒྱུག་ཁུལ་གྱི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྱོང་དང་ཉམས་བཟོའི་མཚོན་བྱེད་རང་བཞིན་གྱི་འདུ་འགོད་ཐོག་མ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་པའི་དམངས་འཚོའི་འདུ་འགོད་དེ་ཉིད་ཡག་པོ་གཉེར་དགོས། སྤྱི་འདོམས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་འཆར་འགོད་གཅིག་གིས་ཁྲིད་སྟོན་བྱེད་པ་དང་། ཚན་ཁག་གཅིག་གིས་སྐུལ་འདེད་གཏོང་བ། བསམ་ཕྱོགས་གཅིག་ལག་བསྟར་མཐར་ཕྱིན་བསྟར་བ་བཅས་མཐའ་འཁྱོངས་ཀྱིས་ཉམས་མྱོང་བཟང་པོར་དཔེ་བལྟས་ཏེ་ཆུ་ས་ལམ་བཅས་དང་དེ་བཞིན་ཤིང་སྣ་དང་། ལག་རྩལ། བདག་སྐྱོང་སོགས་ཀྱི་འགག་གནད་ལ་ཕན་ཚུན་ལྟ་རྟོག་བྱས་ཏེ། མིག་སྔར་བསམ་བློ་གཏོང་དགོས་ལ་ཕུགས་ལའང་བསམ་བློ་བཏང་ནས་ད་ཡོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། ཡུལ་བབ་དང་མཐུན་པ། ཆུ་རྒྱུད་སྔོན་སྤེལ། ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། སྡོང་ཕྲུག་གི་སྣ་ཁ་གནད་སྨིན་འདེམས་གསོ་བྱེད་པ། ཤིང་འཛུགས་ནགས་བཟོའི་རྗེས་མཐུད་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཤིང་འཛུགས་སྔོ་འགྱུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཡོང་འབབ་མང་དུ་གཏོང་བ་བཅས་བྱེད་དགོས། མཉམ་ཤུགས་ཆགས་པར་བྱས་ཏེ་ལྕག་སྐུལ་སྲིད་ཇུས་ཁག་ཡག་པོ་སྤྱོད་པ་དང་། ཕྱོགས་ཁག་གི་ཧུར་སེམས་འཕེལ་བར་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་ལྷོ་རི་དང་བྱང་རིའི་སྔོ་འགྱུར་འདུ་འགོད་ནང་འཇོག་པར་ལྕག་སྐུལ་དང་རྒྱབ་སྐྱོར་བཅས་བྱས་ཏེ་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཚང་མར་ཕན་འབྲས་ཐོབ་པ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཚུགས་གནས་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“ཚོང་འགུག་རྣམ་གྲངས་ཐད་ཇུས་འགོད་ལ་དམ་འཛིན་དང་། དུས་འགོའི་རྣམ་གྲངས་ལས་འགོ་འཛུགས་རྒྱུར་དམ་འཛིན། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཀྱི་ཐོན་སྐྱེད་ལ་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་དག་ཐེར་ལ་དམ་འཛིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ཀྱི་ཕན་ནུས་ལ་དམ་འཛིན་བཅས་བྱེད་དགོས་པའི”བླང་བྱར་གཞིགས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། དུས་འགོའི་ལས་ཀ་ཏན་ཏིག་བསྒྲུབས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་མ་འཇོག་དང་རགས་རྩིས་ལ་ཚོད་འཛིན་ནན་པོ་བྱས་ཏེ་རྣམ་གྲངས་འཆར་འགོད་ནན་པོ་བྱེད་དགོས། རིགས་དབྱེ་མཛུབ་ཁྲིད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་སྲིད་གཞུང་ཚན་ཁག་ཁོངས་མི་དང་སྡེ་ཚན་ཁག་གིས་རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་སྦྲེལ་མཐུད་དང་སྙན་སེང་ལས་དོན་ཧུར་ཐག་བསྒྲུབས་ནས་དུས་ཐོག་ཏུ་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་དགོས།