དབུ་ཤོག>སྲིད་དོན།
  • མི་རིགས་ཁག་གི་མི་དམངས་ལ་དགའ་སྤྲོ་དང་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གཏོང་དུ་འཇུག་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-01

    1623334_yis_1643644800000_s.jpg

    ཟླ་1ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་གནམ་གཤིས་ཅུས་ཀྱི་ཚལ་ཁྲོམ་དུ་ཕེབས་ནས་ཁྲོམ་རའི་ཟོག་གོང་དང་། ཚོང་ཟོག་མཁོ་སྤྲོད། བཟའ་བཅའི་བདེ་འཇགས་བཅས་ཀྱི་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་ནས་འཐབ་ས་དང་པོ་བརྟན་པོར་སྲུང་མཁན་ལས་བྱེད་ལས་བཟོ་དང་། སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ། མེ་ཟོན་བཀོད་འཐབ་པ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་མཐའ་འཁྱོངས། ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བཅས་བྱས་ནས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་པ་དང་། མང་ཚོགས་ཀྱི་འཚོ་བར་སེམས་ཁུར། ལས་ཀ་བྱེད་སྟངས་ལ་དོ་སྣང་བཅས་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ནས། མི་རིགས་ཁག་གི་མི་དམངས་ལ་དགའ་སྤྲོ་དང་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གཏོང་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་མངགས་གཏོང་ཁང་དང་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་དུ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་མེ་ཟོན་བཀོད་འཐབ་པ་ཚོས་གྱོན་ཆས་གྲལ་འགྲིག་ལ་སྙིང་སྟོབས་ཀྱིས་རབ་ཏུ་ཁེངས་ཡོད། ཝང་ཅུན་ཀྲེང་གིས་བློ་མཐུན་ཚོར་ཁ་བཏགས་སྒྲོན་བཞིན་དུ་དཀའ་ལས་ཁག་སོང་ཞེས་འཚམས་འདྲི་ཞུས་པ་རེད། ཐང་ཆེན་མངགས་གཏོང་ཁང་དང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ལྟེ་བའི་ས་ཁོངས་ཀྱི་བདེ་སྲུང་ལས་འགན་འཁུར་བས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད། ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་བཞིན། རུ་ཁག་གི་ལོ་རྒྱུས་ཁང་དང་ཟ་ཁང་དུ་ཕེབས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། མེ་ཟོན་བདེ་འཇགས་ཀྱི་བྱེད་ཐབས་དོན་འཁྱོལ། བློ་མཐུན་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གནམ་གཤིས་ཅུས་ཀྱི་ཚལ་ཁྲོམ་དུ་ཕེབས་ནས་ཁྲོམ་རའི་ཟོག་གོང་དང་། ཚོང་ཟོག་མཁོ་སྤྲོད། བཟའ་བཅའི་བདེ་འཇགས་ལས་དོན་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཝང་ཅུན་ཀྲེང་གིས་རྡོ་སོལ་དང་། གློག སྣུམ་རླངས་བཅས་ཀྱི་སྐྱེལ་འདྲེན་འགན་ལེན་དང་མཁོ་སྤྲོད་ལ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱས་ནས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྲུ་དང་། སྣུམ། ཤ འོ་མ། ཤིང་འབྲས། སྔོ་ཚལ་བཅས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབས་ནས། དཔྱིད་གསར་དུས་ཆེན་རིང་གི་འཚོ་བའི་མཁོ་ཆས་འདང་ངེས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ། ཝང་ཅུན་ཀྲེང་གིས་བརྙན་ལམ་མ་ལག་བརྒྱུད་ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ནས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་། ལས་སྒྲུབ་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་ཟོལ་མེད་བརྩི་བཀུར་ཞུ་མཁན་དང“སྲུང་སྐྱོང་གཉིས”ཀྱི་ཟོལ་མེད་ལག་ལེན་མཁན་ལ་འགྱུར་བར་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་དུས་བབ་དང་ལས་འགན་གནད་སྨིན་ཁོང་དུ་ཆུད་པ། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་རིག་པ་དྭངས་གསལ་རྒྱུན་འཁྱོངས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་དང་། སྟེས་དབང་གི་བསམ་བློ་བཅས་མཐའ་གཅིག་ཏུ་ཁྱད་བསད། བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བླང་བྱ་དང་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་རྒྱུན་མཐུད་ཞི་མཐུད་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱེད་དགོས། ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས། ལས་ཀའི་སྔོན་མཐོང་གི་རང་བཞིན་དང་། སྔ་བལྟས་ཕྱི་བསམ་གྱི་རང་བཞིན། རང་འགུལ་གྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་དངོས་འཐབ་དང་གནད་སྨིན་གྱི་བླང་བྱ་ལྟར། ལས་ཀའི་སྔོན་ཇུས་མ་ལག་དང་ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེད་དོན་འཐབ་རྩོད་དང་། ཆེད་དོན་བཅོས་སྒྲིག ཆེད་དོན་རྡུང་རྡེག་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་སེལ་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་དང་གྲལ་བཤེར་གཏིང་ཟབ་བྱེད་པ། འབྱུང་རྩ་ནས་སྔོན་འགོག་དང་། ཉེན་ཁར་གྲལ་བཤེར། དོ་དམ་དང་ཚོད་འཛིན་ནན་པོ། གནས་ཚུལ་གྱི་སྔོན་བརྡ་གཏོང་བ། འཕྲལ་སྡོམ་ཐག་གཅོད་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་ཡག་པོ། འགལ་ཟླ་དང་གནད་དོན་གཞི་རིམ་དུ་སེལ་བ། གནད་དོན་ཐོན་བཟོ་ཡོད་དུས་ནས་སེལ་བ་བཅས་བྱས་ཏེ། ལས་ཀའི་རང་འགུལ་ལ་སྟངས་འཛིན་ཏན་ཏིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། ཞབས་ཞུའི་ཁྲོད་དོ་དམ་ཡོད་པ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར། ལས་ཀ་བྱེད་སྟངས་ལ་དོ་སྣང་། ཁྲིད་སྟོན་དང་། ཞབས་ཞུ། དོ་དམ་སོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་བཏང་ནས། ལས་དོན་ཁག་གི་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་སེམས་ཁྲལ་སེལ་རོགས་དང་། རྒྱལ་ཁབ་ལ་འགན་འཁྲི་འཁུར་བ། མི་དམངས་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་དང་། མེ་ཟོན་དང་། འགྲིམ་འགྲུལ། འབར་རླངས། ནགས་ཚལ་མེ་ཟོན། ཡུལ་སྐོར་མཛེས་ལྗོངས་ཁུལ། རིག་དངོས་འདུ་གནས་སོགས་ཀྱི་བདེ་འཇགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ། གངས་སྐྱོན་སོགས་རང་བྱུང་གནོད་འཚེ་འགོག་བཅོས་ཧུར་ཐག བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་མ་ཐོན་ནན་འགོག་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།