དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ། ཚེས་28ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྔ་རྗེས་སུ་ལྷ་ས་གནས་ཚང་གསོལ་མགྲོན་ཁང་གི་ཐེངས་གཉིས་པའི་ཁག་བགོས་ས་ཚིགས་དང་སྣེའུ་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ། རིམས་ནད་སྔོན་འགོག་གི་འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
ལྷ་ས་གནས་ཚང་གསོལ་མགྲོན་ཁང་དུ་ཁྲེན་ཡུང་ཆིས་ལས་རེས་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ལས་ཀའི་གྲུབ་འབྲས་དང་དཀའ་སྤྱད་འབད་བརྩོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚང་མར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། རྒྱུན་མཐུད་དམག་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་། ཁྲིམས་དང་མཐུན་ཞིང་ཞིབ་ཚགས་པ། ནན་པོ་དང་དྲང་གཞག་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་རང་ཉིད་ཀྱི“དཀའ་ཚེགས་སྟོན་གྲངས”ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”སྲུང་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
སྣེའུ་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ཁྲེན་ཡུང་ཆིས་ས་གནས་ས་ཐོག་ཏུ་འཁོར་རིགས་ཞིབ་བཤེར་དང་མི་སྣའི་བདེ་ཐང་ཨང་རྟགས་ཞིབ་བཤེར་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ལས་རེས་སྤྱི་བདེ་ཉེན་རྟོག་པ་དང་། སྨན་དོན་མི་སྣ། དང་བླངས་པ་བཅས་ཀྱིས་གྲང་ངར་ལ་མ་འཛེམས་པར་ལས་གནས་བརྟན་སྲུང་བྱས་པར་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་ནི་ལྷ་ས་གྲོང་ཁྱེར་གྱི་འགག་སྒོ་གལ་ཆེན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་ནས“ཞིབ་བཤེར་གསུམ”དང་། “འདྲི་རྩད་གཉིས” “ཚད་ལེན་གཅིག”བཅས་དོན་འཁྱོལ་ནན་པོ་བྱས་ཏེ། འགྲུལ་པ་དང་ཟོག་འགྲེམས་ཀྱི་དོ་དམ་ཚོད་འཛིན་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། རིམས་འགོག་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་དུ་ཡོང(ལོག)མཁན་གྱིས་དུས་ཐོག་ཏུ་རང་ལྗོངས་ཀྱི་རིམས་འགོག་སྲིད་ཇུས་ཤེས་རྟོགས་ཐུབ་རྒྱུར་ཐབས་ལམ་མང་པོ་ནས་དྲན་སྐུལ་བྱེད་དགོས་ཞེས་གསུངས་པ་རེད།