དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས། ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་ཤེས་ཡོན་ཅན་དང་། ངལ་རྩོལ་དཔེ་བཟང་བ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་བཅས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད།
བློ་བཟང་རྒྱལ་མཚན་དང་བཅས་པ་བོད་ཀྱི་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་མིག་དམར་གྱི་ཁྱིམ་དུ་ཕེབས་ནས་ཁོང་དང་ནང་མིར་དཀར་གཙང་མཇལ་དར་སྒྲོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་མིག་དམར་དང་དེ་བཞིན་བོད་ལུགས་གསོ་རིག་སློབ་ཆེན་གྱི་ལས་བཟོ་ཡོངས་ཀྱི་ཡུན་རིང་གི་ལས་ཀར་ཁས་ལེན་གནང་བ་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་བོད་ལུགས་གསོ་རིག་སློབ་ཆེན་གྱིས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་དང་། བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན། གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་བཅས་ལ་དམིགས་ནས་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་རང་ལྗོངས་སུ་མེས་རྒྱལ་ལ་དགའ་ཞེན་དང་། འཇོན་ཐང་ཆེ་བ། དཀའ་སྤྱད་སྙིང་རུས་ཐུབ་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
འདི་ལོ་ལོ་78ལ་སླེབས་པའི་དོན་གྲུབ་ནི་ལམ་སྐྱོང་བཟོ་པ་ཞིག་ཡིན་ཞིང་། ཡུན་རིང་ས་བབ་མཐོ་བའི་ས་ཁུལ་དུ་གཞུང་ལམ་བདག་སྐྱོང་གི་ལས་ཀ་བྱས་པ་དང་2000ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བར་བདམས་པ་རེད། བློ་བཟང་རྒྱལ་མཚན་གྱིས་དོན་གྲུབ་ཀྱི་ཁྱིམ་དུ་ཕེབས་ནས་རྒད་པོའི་གཟུགས་གཞི་དང་། ཁྱིམ་ཚང་གི་འཚོ་བ། དེ་བཞིན་བུ་ཕྲུག་གི་ལས་ཞུགས་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱི་ལྕགས་ལམ་དང་། གཞུང་ལམ། གནམ་ཐང་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་གསུངས། ངལ་རྩོལ་དཔེ་བཟང་བ་རྒན་གྲས་དང་གཞི་རིམ་གྱི་ལས་དོན་པ་རྒན་གྲས་ཤིག་ཡིན་པའི་དོན་གྲུབ་ནི་བོད་ཀྱི་འཕེལ་རྒྱས་བྱུང་ཚུལ་གྱི་དཔང་པོ་རེད་ལ་བོད་ཀྱི་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཅིན་ཐའོ་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་གྲོངས་ཟིན་པའི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱི་ནང་མིར་གཟིགས་པ་དང་འཚམས་འདྲི་གནང་ནས། ཁོང་ཚོས་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་འཕེལ་རྒྱས་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།