ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་འབུལ་ཞུ་བཅར་ལས་དོན་དང་ཏང་འཛུགས་སྐྱོང་གི་ཞིབ་འཇུག་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བཅས་གནང་བ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་སྙན་སེང་གསན་པ་དང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་འབྲེལ་ཡོད་ལས་དོན་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ།བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་པ་དང་ལོ་ཧྲིལ་པོའི་ལས་དོན་གྱི་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས། སེམས་ལ་མང་ཚོགས་ཀྱི་བདེ་སྡུག་བཅངས་ནས་མང་ཚོགས་ཀྱི་དུས་ཆེན་གྱི་འཚོ་བར་སེམས་ཁུར་དང་། མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་བ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དང་འཚམས་འདྲི་ཡག་པོ་བྱེད་པ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་པ། ལས་གྲྭའི་དངུལ་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་རྒྱུན་མཐུད་བཅོས་སྒྲིག་བཅས་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱེད་དགོས། སྤྱི་པའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་ཏེ་བདེ་འཇགས་ཀྱི་ཉེན་ཁར་འབྱུང་རྩ་ནས་དོགས་ཟོན་དང་བསལ་ཏེ་གེགས་འགོག་གེགས་སེལ་དང་གེགས་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་པ་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། གནད་འཁེལ། ཞིབ་ཚགས་བཅས་ཀྱི་བླང་བྱ་གཞིར་བཟུང་། གཅིག་སྡུད་རང་བཞིན་གྱི་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀ་བྱེད་སྟངས་ལ་དོ་སྣང་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་དགོས་ལ། ཡུལ་སྐོར་བ་དང་མང་ཚོགས་ལ་ཞབས་ཞུ་དང་དོ་དམ་ཡག་པོའང་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་བརྟན་པོ་བཙུགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱེད་དགོས། ཡིག་བསྐུར་ངོ་བཅར་གྱི་ལས་དོན་དེ་མང་ཚོགས་ཀྱི་སྒོ་རྩར་སྤེལ་བའི་ལས་དོན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡིག་བསྐུར་ངོ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་གྲལ་བཤེར་དང་འདུམ་འགྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ལ་ལས་དོན་སྒྲུབ་སྐབས་ཁྲིམས་ལྟར་སྒྲུབ་པ་དང་། དོན་དག་འཕྲད་ཚེ་ཁྲིམས་ཁང་འཚོལ་བ། གནད་དོན་ཐག་གཅོད་སྐབས་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཁེ་ཕན་གྱི་རེ་ཞུ་ཐག་གཅོད་ཡག་པོ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ནས“སྤྱོད་ཚུལ་བཞི”བསྐྱར་དུ་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་ཤེས་དཔལ་གྱི་དར་སྲོལ་གསར་པ་གཏོད་དགོས། ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ལས་དོན་སྦྲེལ་མཐུད་ཡག་པོ་བྱས་ཏེ་དུས་ཚིགས་དང་པོའི་ལས་དོན་ཁག་ཕྱོགས་ཡོངས་ནས་འགོ་འཛུགས་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། བོད་ཀྱི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་འཆད་འགྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་གི་ཞིབ་འཇུག་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གནད་ལ་འཁེལ་བ་དང་རིན་ཐང་ལྡན་པའི་ཞིབ་འཇུག་གི་གྲུབ་འབྲས་དེ་བས་མང་བ་ཧུར་ཐག་གཏོད་དགོས། རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པ། རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ། ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་གཙོ་གནད་ལས་འགན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ཚད་ལྡན་ཅན་བསྐྲུན་མགྱོགས་སུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས། ཏང་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། མཐོ་རིམ་སློབ་གྲྭའི་དགེ་རྒན་དཔུང་ཁག་དང་དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། བསམ་བློ་ཆབ་སྲིད་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།