དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་སྐོར་ལ་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-01-31

     ཟླ་1ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས། ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་སོགས་ཀྱི་འབྲེལ་ཡོད་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་དཔྱད་ཞིབ་དང་བྱ་དགའ་སྤྲོད་པ། 2021ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་ཕྱོགས་སྡོམ། 2022ལོའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་ཐོག་བསྟན་དོན། 2021ལོར་ལྗོངས་ཡོངས་ཀྱི“ཞིང་གསུམ”ཁོངས་གཏོགས་ཀྱིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“ཞིང་གསུམ”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་སོགས་ཀྱི་ཐད་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞིང་ལས་ལ་མཐོང་ཆེན་བྱས་ནས་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་མི་དམངས་བདེ་ལ་འགོད་པའི་གཞི་རྩ་རེད། ལོ་གསར་པའི་ནང་། “ཞིང་གསུམ”འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་།“མཐའ་ཚད་གཉིས”བརྟན་པོ་སྲུང་བ། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོད་གནད་ལས་དོན་ལ་དམ་པོར་དམིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་སེལ་བ། རྨོ་ཞིང་དང་རྩྭ་རའི་དམར་ཐིག་བརྟན་པོ་སྲུང་བ། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། གྲོང་གསེབ་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་ནུས་པ་དང་ལས་ཕྱོད་ཆེ་རུ་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གང་མགྱོགས་སྐུལ་འདེད་གཏོང་བ། “ཞིང་གསུམ”ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ་དང་། ཞིང་འབྲོག་ཁུལ་འཚོ་སྡོད་དང་ལས་སྒྲུབ་ལ་འཚམ་པ། ཞིང་འབྲོག་པ་འབྱོར་ཕྱུག་དང་ལྡན་པ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་དུས་བབ་ལ་དབྱེ་ཞིབ་བྱས་ནས་འདི་ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”གྱི་གཙོ་གནད་ལས་དོན་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ལས་ཐོན་འཕར་ནུས་ཆེ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། ནུས་ཤུགས་ཡོད་རྒུས་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྡོད་མལ་ལ་འཚམ་པར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས“གཏན་འཁེལ་གཉིས”ལ་ལྷག་བསམ་ཟོལ་མེད་ངང་གོང་བཀུར་ཞུ་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས“ཞིང་གསུམ”ལས་དོན་སྤེལ་བའི་འཇོན་ཐང་ཆེ་རུ་གཏོང་བ། “ཞིང་གསུམ”ཁྱབ་ཁོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་ལས་ཀའི་ལམ་སྲོལ་བཟང་པོ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།