དབུ་ཤོག>སྲིད་དོན།
  • ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་དམངས་ལ་སྤྲིངས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-01-31

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་དང་། མི་རིགས་ཁག་གི་མང་ཚོགས། རང་སྐྱོང་ལྗོངས་སུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག བོད་སྐྱོར་ལས་བྱེད་དང་ཤེས་ལྡན་མི་སྣ། སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མི། དབང་པོ་སྐྱོན་ཅན་གྱི་དམག་མི། ལས་སྒྱུར་དམག་ཞབས་ཐིམ་པའི་དམག་མི། ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་བཅས་ལ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན།

    2021ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དོན་སྙིང་ཆེན་པོ་ལྡན་པའི་ལོ་ཞིག་རེད། ལོ་དེར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཐུན་མོང་ཐོག་བརྒྱུད་ཡོད།2021ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་རེད། ལོ་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་རང་ལྗོངས་སུ་ཕེབས་ནས་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་མཚོན་ཡོད། ལོ་དེར་ང་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་ནས“འཛུགས་གཏོད་བཞིར”སྐུལ་འདེད་ནུས་ལྡན་བཏང་བ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་རིང་གི་བོད་ཀྱི་ལས་འགན་དང་འགན་འཁྲི་སྔར་བས་མངོན་ཡོད།

    ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཐུགས་ཁུར་ཟབ་བཞེས་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཆེར་སྐྱེད་ཀྱིས་འགག་སྒྲོལ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་སོགས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལ་ཡག་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་ཞིང་། སེམས་ཁྲལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་ཉེས་གསོག་གི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོར་གཏོང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་བཅས་བྱུང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་འཕེལ་རྒྱས་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2080.17ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%དང་16%སོ་སོར་འཕར་ཡོད། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ་དང་ལྷ་ཉིང་དུམ་བུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། “བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་བྱ་འཕུར་བ་ལྟར་བསྐྱོད་པ་བཅས་བྱུང་ཡོད། ལྷ་ནག་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་འཕེལ་རིམ་བདེ་བླག་བྱུང་བ། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་12ཟིན་པ་བཅས་རེད། གོང་དཀར་གནམ་ཐང་T3གནམ་ཐང་བབས་ཚུགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ཉིང་ལག་གནམ་ཐང་3འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། རང་སྐྱོང་ལྗོངས་རིམ་པའི་འདམ་ར་གལ་ཆེན་གྱི་མིང་གཞུང་ཁག་དང་པོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གདང་ལའི་བྱང་ངོས་ཡུག་ཁུལ་འཛུགས་པའི་ཆོག་མཆན་ཐོབ་པ། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང(ཆུས)3གསར་སྣོན་བྱས་པ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་ས་གཙང་གི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་ཡོད། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཞིང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། མཐའ་མཚམས་རྫོང་གྲོང་ཚང་མར་ཚད་ལྡན་གྱི་ཆུ་མཁོ་སྤྲོད་བཟོ་གྲྭ་དང་འཚོ་བའི་གད་སྙིགས་སྦས་ས་བཙུགས་པ། མཐའ་མཚམས་རྫོང་21ལ་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱེད་འགོ་ཚུགས་པ། མཐའ་མཚམས་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུ་དུས་མཚམས་གསར་པར་སླེབས་པ་བཅས་རེད། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་ཕྱིན་ཞིང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་བཙུགས་པ་བཅས་རེད། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་ཞིང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99%ཟིན་པ་དང་། ཞིང་འབྲོག་པ་ཁྲི་69.3ལས་ཞུགས་གཞན་སྒྱུར་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་58.1བྱུང་བ། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་སྟེ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་པ། ཏོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་གཅིག་ཀྱང་བྱུང་མེད་པ་དང་རིམས་འགོག་སྨན་ཁབ་རིན་མི་དགོས་པར་ཐེངས་ཁྲི་700ལྷག་ཙམ་བརྒྱབ་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་པ་བཅས་རེད།

    གྲུབ་འབྲས་དེ་དག་ཐོབ་པར་གལ་ཆེ་ཤོས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཆེས་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། གཙོ་ཆེ་ཤོས་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བཅས་ལ་རག་ལུས་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མུ་མཐུད་འབད་འཐབ་བྱས་ཏེ་རྨང་གཞི་བཏིང་པའི་འབྲས་བུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་དང་རང་སྐྱོང་ལྗོངས་སུ་བཅའ་སྡོད་དཔུང་སྡེ་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བློ་སེམས་གཅིག་མཐུན་དང་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་བཅས་རེད། འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

    2022ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཙོ་རྐང་དུ་འཛིན་ནས་བློ་སྦྱོང་བྱེད་པ། “གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྙིང་སྟོབས་ཆེར་སྐྱེད་དང་ལག་ལེན་ཏན་ཏིག་བསྟར་བ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”སྐུལ་འདེད་ནུས་ལྡན་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བཅས་བྱས་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཚང་མ་སྐུ་གཟུགས་གསལ་ཐང་དང་། ཁྱིམ་ཚང་འཆམ་མཐུན། བྱ་བ་ལམ་ལྷོངས་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

    2022ལོའི་ཟླ་1ཚེས་25ཉིན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།