དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-01-31

    1621975_yis_1643558400000_s.jpg

    འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་དྲག་ཆས་ཉེན་རྟོག་དཔོན་དམག་གི་ཉལ་ཁང་དུ་དཔོན་དམག་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།

     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག 95561དཔུང་སྡེ་བཅས་ཀྱི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་དམག་སྲིད་དབར་དང་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ལྷུག་པོར་གླེང་བ་དང་འབྲེལ་ཁོང་ཚོ་བརྒྱུད་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ལ་དཔྱིད་གསར་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རྒྱ་ཆེའི་དཔོན་དམག་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། དཀར་གཙང་མཇལ་དར་སྒྲོན་ནས་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཡང་ཞུས་གནང་བ་རེད།  ཝང་ཅུན་ཀྲེང་གིས་95561དཔུང་སྡེའི་བཀོད་འདོམས་སུའོ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་ཉལ་ཁང་དུ་ཕེབས་ཏེ་གོ་མཚོན་འཛུགས་སྐྲུན་དང་དཔོན་དམག་གི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་360ལྷག་ཙམ་གྱི་ཚབ་ཞུས་ནས་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

    ཝང་ཅུན་ཀྲེང་གིས། 2022ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ”བཅས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དམག་དོན་གྱི་ནུས་པ་ཆེ་རུ་གཏོང་བ། བཅའ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འགན་འཁྲི་དེ་བས་ཆེ་བ་འཁུར་བ་དང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས། ཏང་གི་བཀོད་འདོམས་ལ་ཉན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་བརྟན་དུ་གཏོང་བ་དང་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས“གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བ་དེ་དམ་པོར་བཟུང་ནས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་དུས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་འཐབ་ནུས་ཀྱི་ཚད་གཞི་དེ་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པར་བྱས་ནས། དཔུང་སྡེའི་འགན་འཁྲི་འཁུར་ནུས་དང་ལས་འགན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་། བརྟན་ལྷིང་སྲུང་སྐྱོང་། ཉེན་སེལ་རོགས་སྐྱོབ། ས་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བཅས་བྱེད་སྐབས་གདོང་མཆོང་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་ནས་མཐའ་སྲུང་རྒྱལ་སྲུང་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྲུང་སྐྱོང་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་ཀ་རྟེན་དང་ལྷག་བསམ་ཟོལ་མེད་ཀྱི་སྲུང་དམག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། དམག་གིས་དམངས་ལ་ཞེན་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཉིས་བཀུར་ལས་དོན་གྱི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་སྟེ་ནུས་ཤུགས་ཡོད་རྒུས་དཔུང་སྡེ་འཕེལ་རྒྱས་དང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་དཔོན་དམག་ཚོ་བློ་རྩེ་གཅིག་སྒྲིམ་ངང་དྲག་རྩལ་སྦྱོང་བ་དང་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས། རྒྱ་ཆེའི་དཔོན་དམག་ཚོས་བཅའ་སྡོད་བྱ་ཡུལ་དེ་ཉིད་ཕ་ཡུལ་དུ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩིས་ཏེ་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བོད་ཀྱི་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགན་འཁུར་བློ་མཐུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྔར་རྒྱུན་བཞིན་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཀྱི་མི་དམངས་ཀྱི་སེམས་ཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་ཀྱང་བརྗོད་པ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།