བོད་རང་སྐྱོང་ལྗོངས་ཀྱིས་2022ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ།
བློ་བཟང་རྒྱལ་མཚན་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་26ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་2022ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཁྲེན་ཡུང་ཆི་སོགས་ཀྱིས་བོད་ཀྱི་ལས་རིགས་ཁག་གི་མི་སྣ་དང་དགའ་འཛོམས་གནང་ནས་དཔྱིད་གསར་བསུས་པ།
གངས་ལྗོངས་ས་མཐོར་དཔྱིད་དཔལ་བཞད་འགོ་ཚུགས། འབད་འབུངས་མདུན་སྐྱོད་བརྗིད་ཆེའི་ལེའུ་གསར་རྩོམ། ལུགས་རྙིང་སྟག་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཆུ་སྟག་ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། རང་སྐྱོང་ལྗོངས་ཀྱི་2022ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་ཚེས་26ཉིན་གྱི་ཕྱི་དྲོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ཤིས་ཚིག་གསུངས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ཀྱི་ཚབ་ཞུས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་མ་ཟད། དུས་ཆེན་གྱི་འཚམས་འདྲི་དང་ཟོལ་མེད་ཀྱི་སྨོན་འདུན་ཡང་ཞུས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་། ལེགས་མཆོག་དང་པ་སངས་སོགས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཞུགས་པ་དང་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ལྷ་ས་གསོལ་མགྲོན་ཁང་གི་བཀྲ་ཤིས་ཚོམས་ཆེན་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་དྲོ་སྐྱིད་ཀྱི་རྣམ་པས་ཁེངས། ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་དུ་འཛོམས་ཏེ་དཔྱིད་གསར་དགའ་གཏོང་བྱས་ཤིང་། འདི་གར་ཕན་ཚུན་ཁ་བཏགས་གཡོག་པ་དང་། ཕན་ཚུན་སྨོན་འདུན་ཞུ་བ། མཛའ་བརྩེའི་བཀའ་མོལ་གནང་བ། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་སྐོར་གླེང་བ་བཅས་ཀྱི་དགའ་སྤྲོའི་དཔལ་ལ་རོལ་བའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།
ཝང་ཅུན་ཀྲེང་གིས་ཤིས་ཚིག་གསུངས་སྐབས་མཛུབ་སྟོན་གནང་དོན། འདས་ཟིན་པའི་ལོ་གཅིག་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པར་བཀོད་འདོམས་གནང་བ་དང་། སྐུ་ངོ་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གཙོ་སྐྱོང་གནང་བ། སྐུ་ངོ་མས་ཏང་གི་ལོ་རྒྱུས་གྲོས་ཆོད་གསུམ་པ་བཟོ་བར་མཛུབ་ཁྲིད་གནང་བ། སྐུ་ངོ་མས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་ཆུ་ལོག་དང་ཞོད་སྐྱོན་འགོག་སེལ་གནང་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་གནང་བ། དབུལ་སྒྲོལ་ལ་དམ་འཛིན་དང་དམངས་འཚོར་ཕན་འདོགས་གནང་བ། འཕར་སྣོན་ཡོང་བར་འགན་ལེན་དང་སྤྱི་ཡོངས་བརྟན་པོ་ཡོང་བ་གནང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་གནང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་གནང་བ་བཅས་ཀྱི་ཐོག་ནས་ལོ་བརྒྱའི་ཏང་ཆེན་པོའི་དུས་རབས་ཀྱི་ཉམས་འགྱུར་དང་། དཔལ་འབར་བའི་སྐྱེ་སྟོབས། ཞུམ་མེད་ཀྱི་སྙིང་སྟོབས་བཅས་གང་ལེགས་མཚོན་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བློ་སྟོབས་ཆེས་ཆེར་འཕེལ་ཡོད།
ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། འདས་ཟིན་པའི་ལོ་གཅིག་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ། བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་གནང་བ་བཅས་ལས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བཅས་བྱས་པས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཤིང་། དུས་རབས་ལས་གྲྭ་ཁྲོན་བོད་ལྕགས་ལམ་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ་དང་། ལྷ་ནག་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ། “བསྐྱར་དར་རྟགས་ཅན”གྱིས་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་པའི་མྱུར་ཚད་མགྱོགས་སུ་བཏང་བ། དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་འཚོའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་གཅིག་སྒྲུབ་པ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ཁམས་བཟང་བྱུང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བས་རི་བོ་དེ་བས་སྔོ་བ་དང་། ནམ་མཁའ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་བཅས་བྱུང་བ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་བསྐྲུན་ཟིན་པས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་ནས་ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་ལེན་མཐའ་གཅིག་ཏུ་ཐུབ་ལ་ནུས་པ་ལྡན་པ། བྱ་བ་བསྒྲུབས་པ་ཁྲིམས་དང་མཐུན་ལ་ལས་ཕྱོད་ཆེ་བ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞི”གཏན་འཁེལ་བྱས་པ། “འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་དགོས་ལུགས་བཏོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། 2021ལོར་ཕྱིར་མིག་ལྟ་སྐབས། འཕེལ་རྒྱས་བྱུང་བ་དང་གྲུབ་འབྲས་ཐོབ་པ་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་ནས་ཁ་སྒྱུར་ཕྱོགས་སྟོན་གནང་བ་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། དེ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པའི་འབྲས་བུ་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནུས་དང་རྔུལ་ཆུའང་འདུས་ཡོད།
ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད། བྱས་རྗེས་གསར་པ་སླར་ཡང་འཇོག ང་ཚོའི་ཁ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བསྟན་གནང་བའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱེད་དགོས་པ་དེ་ཡིན་པ་དང་། ང་ཚོའི་དམིགས་ཚད་ནི་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཆང་བའི་བྱམས་བརྩེའི་ཐུགས་ཁུར་དེ། ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེའི་ཚ་ཚ་འུར་འུར་གྱི་ལག་ལེན་དུ་བསྒྱུར་ནས་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་360ལྷག་ཙམ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་ལག་ལེན་བསྟར་བའི་ང་ཚོའི་ཆོད་སེམས་དེ་དུས་གང་ཞིག་ལས་ཀྱང་དེ་བས་བརྟན་པ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2022ལོར་ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་ཡོངས་གཉིས”བློ་རུ་ངེས་པ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བརྟན་པོར་འཆང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་ལྷོད་མེད་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། རྣམ་གྲངས་དང་། ཐོན་ལས། དཔལ་འབྱོར་བཅས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ཏེ། དམ་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ཇེ་ཡག་ཏུ་འགྲོ་བར་བྱེད་དགོས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་། སྲུང་སྐྱོང་ཡག་པོ། བཅོས་སྐྱོང་ཡག་པོ་བཅས་བྱས་ནས་བོད་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པར་འགྱུར་བ་དང་མི་དེ་བས་མང་བས་ཡིད་སྨོན་བྱེད་སའི་གནས་སུ་འགྱུར་བར་བྱེད་དགོས། ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་གི་འོད་ཟེར་མཐའ་མཚམས་ཡུལ་ལ་འཕྲོས་པ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་གསོན་ཉམས་དོད་པའི་རོལ་དབྱངས་རྒྱུན་ཆད་མེད་པར་དཀྲོལ་དགོས། སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། རང་འགན་གཙང་སྒྲུབ་དང་འབད་པ་ལྷོད་མེད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ཤོག་དྲིལ་ཐོག་པིར་རིས་མྱུར་འགོད་དང་། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་བརྩམས་པའི་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣