དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-29

    1614082_yis_1643385600000_s.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སུ་ཕེབས་ཏེ་མཐའ་སྟོབས་ལས་དོན་དང་། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་། འགག་སྒོ་དོ་དམ་ཚོད་འཛིན་སོགས་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པར་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ།

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སུ་ཕེབས་ཏེ་མཐའ་སྟོབས་ལས་དོན་དང་། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་། འགག་སྒོ་དོ་དམ་ཚོད་འཛིན་སོགས་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྲ་ཞིང་བརྟན་པའི་མཐའ་མཚམས་ཀྱི་ངར་ལྕགས་སྲུང་ཡོལ་བརྟན་པོ་སྐྲུན་པ་བཅས་བྱས་ནས་བོད་ལྗོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ས་ཚིགས་ཀྱི་བཀོད་འདོམས་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ཁག་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། སྐྱིད་གྲོང་འགག་སྒོའི་ལས་སྒྲུབ་རུ་ཁག་དང་། ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་། མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་བཅས་ལ་བརྙན་ལམ་ནས་གཟིགས་ཞིབ་གནང་སྟེ་འཐབ་ས་དང་པོའི་ལས་དོན་སྤེལ་ཚུལ་གསན་པ་མ་ཟད། གངས་འཁྱགས་ཁྲོད་ལས་གནས་བརྟན་སྲུང་བྱེད་མཁན་མཐའ་སྲུང་མི་དམངས་ཉེན་རྟོག་པར་ལས་གནས་ཡག་པོ་སྲུང་བ་དང་འགན་འཁྲི་ཡག་པོ་འཁུར་དགོས་ལ་གཟུགས་པོར་ཡང་བདག་གཅེས་ཡག་པོ་བྱེད་དགོས་པའི་མངགས་བྱ་གནང་བ་རེད། 

    ཝང་ཅུན་ཀྲེང་གིས། མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་དང་། དཔལ་འབྱོར་གོང་འཕེལ་ཡར་ཐོན། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། གྲུབ་འབྲས་དེ་དག་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་བརྟེན་ནས་བྱུང་བ་ཞིག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཡིན་ལ། དེའི་ནང་མཐའ་སྲུང་འཐབ་ཕྱོགས་ཀྱི་མཐའ་སྲུང་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་ཡང་འདུས་ཡོད་ཅེས་གསུངས་ཤིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་དུས་ཡུན་རིང་པོ་མཐའ་སྲུང་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་མཐའ་སྲུང་མི་དམངས་ཉེན་རྟོག་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་མཐའ་མཚམས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་པ་མ་ཟད། བོད་ཀྱི་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཐད་ལའང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་དང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འདོན་བཀོད་སྒྲིག་གནང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་པ། “འགན་ལེན་བཞི”ཐུབ་པ་བཅས་བྱས་ཏེ་མཐའ་སྲུང་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། ཏང་དང་མི་དམངས་ཀྱི་བྱ་གཞག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། བཀའ་འབྱོར་འཕྲལ་སྒྲུབ་དང་གང་གསུང་དེ་སྒྲུབ་བཅས་བྱས་ཏེ་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་གོང་བཀུར། སྲོག་ཤིང་སྲུང་སྐྱོང་། སྲོག་ཤིང་སྲུང་སྐྱོབ་བཅས་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། མཐའ་མཚམས་ཀྱི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྨང་གཞིའི་ཉེན་དོན་གྱི་ཆ་འཕྲིན་གཏིང་ཟབ་སྤྱོད་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྡུང་རྡེག་དང་ཚོད་འཛིན་བྱ་ཐབས་རྒྱུན་རྣམ་ངང་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་འགག་སྒོའི་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གནས་སྤོས་ཡུལ་མིའི་དོ་དམ་གྱི་འགན་འཁྲི་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་མཐའ་སྲུང་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ“ངས་དམངས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་དངོས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་། 12367ཞབས་ཞུའི་ལས་སྟེགས་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་བཏང་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། འདི་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་མཐའ་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མཐའ་སྲུང་མི་དམངས་ཉེན་རྟོག་པར་ཐུགས་ཁུར་དགའ་གཅེས་དང་ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་བསལ་ཏེ་རྒྱ་ཆེའི་མཐའ་སྲུང་མི་དམངས་ཉེན་རྟོག་པར་ལས་ཀ་དང་འཚོ་བའི་ཁོར་ཡུག་དང་མཐུན་རྐྱེན་བཟང་པོ་སྐྲུན་དགོས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་མཐའ་བརྟན་དང་། མཐའ་དར། མཐའ་སྟོབས་བཅས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཟླ་བ་ཚེ་རིང་། ཀྲང་ཧུང་པོ་བཅས་བརྟག་ཞིབ་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།