དབུ་ཤོག>སྲིད་དོན།
  • བོད་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-27

    1604277_yis_1643299200000_s.jpg

    ཟླ་1ཚེས་25ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

     ཚེས་25ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་དང་། སྲིད་ཁྲིམས་ལས་དོན་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཕྱོགས་སྡོམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་ས་མཐོའི་སྲིད་ཁྲིམས་དཔུང་ཁག་སྐྲུན་པ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀྲང་ཧུང་པོ། བསོད་དར། ཤཱ་ཁེ་ཆིན་བཅས་ཚོགས་འདུར་ཞུགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་སྤེལ་བ་དེ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་། མངོན་གསལ་དོད་པའི་གནད་དོན་གྱི་སྟོན་ཕྱོགས། རང་ངོས་གསར་བརྗེ་ཕོད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས་ལས་དོན་ཁག་གི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཚོས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་བཀའ་རྒྱར་ཉན་ནས་ལས་དོན་བསྒྲུབས་པ་དང་། ཕྱོགས་ཁག་ཚང་མས་ནུས་ཤུགས་ཡོད་རྒུ་འདོན་པ་དང་ཁོངས་གཏོགས་ཡོངས་ལ་བཅོས་སྒྲིག་བྱས་པས་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཆབ་སྲིད་ཀྱི་སློབ་གསོ་དང་། བསམ་བློར་ཞུན་བརྡར། བསམ་བློར་སྦྱོང་བརྡར་བཅས་ཐེབས་ཏེ་ས་མཐོའི་སྲིད་ཁྲིམས་དཔུང་ཁག་གི་གཟུགས་བརྙན་གསར་པ་བཏོད་པ་མ་ཟད། སྔོན་དཔག་གི་དམིགས་ཡུལ་བསྒྲུབས་པ་དང་གྲུབ་འབྲས་གལ་ཆེན་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲིད་ཁྲིམས་དཔུང་ཁག་ཏུ་སློབ་གསོ་བཅོས་སྒྲིག་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་དེ་གཟིགས་རྒྱང་རིང་ལ་མཁས་མཛངས་ལྡན་ཞིང་འཕྲལ་ཐག་ཆོད་པ་དང་། སྲིད་ཁྲིམས་དཔུང་ཁག་གི་དོན་དངོས་དང་མཐུན་ཞིང་དམངས་སེམས་དང་མཐུན་པས་རྦད་དེ་ཡང་དག་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་གང་ལེགས་བྱུང་ཡོད། ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་བཅོས་སྐྱོང་བྱ་རྒྱུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་དང་། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པར་ཁུར་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ཡག་པོ་འཁུར་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། གྲལ་བཤེར་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉམས་སད་ཐེག་པའི་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྲིད་ཁྲིམས་དཔུང་ཁག་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་དམིགས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་པའི་འགན་འཁྲི་གལ་ཆེན་རང་རྟོགས་ངང་འཁུར་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། མཐའ་ཚད་ཀྱི་བསམ་གཞིག་ཆེ་རུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཉེན་བརྡ་ཡུན་རིང་གཏོང་བ་དང་དོགས་ཟོན་རྒྱུན་འཁྱོངས་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་དམིགས་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་རང་རྟོགས་ངང་འཁུར་བ་དང་། རྩ་ལག་མཉམ་བཅོས་དང་རྡུང་འགོག་མཉམ་བཟུང་མཐའ་འཁྱོངས། གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་གནད་སྨིན་དང་། ཚན་རིག་དང་མཐུན་པ། སྤྱོད་གོ་ཆོད་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁྲིམས་བཞིན་ནུས་ལྡན་སེལ་བ། སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཞུང་དྲང་དྲང་བདེན་སྲུང་སྐྱོང་ལ་དམིགས་ནས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་རང་རྟོགས་ངང་འཁུར་བ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཁྲིམས་འཛིན་དམངས་ཆེད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། གཞུང་དྲང་དྲང་བདེན་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཚོས་ཉེ་འགྲམ་དུ་གཞུང་དྲང་དྲང་བདེན་ཡོད་པ་ཚོར་བར་བྱེད་དགོས། ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བའི་འགན་འཁྲི་གལ་ཆེན་རང་རྟོགས་ངང་འཁུར་བ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་ལ་འཁེལ་བའི་ལྟེ་བའི་ལས་དོན་དང་དམིགས་ཚད་ལས་འགན་ལ་དམིགས་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་ལ་ཞབས་འདེགས་ཞུ་བ། གཞུང་དྲང་འགྲན་རྩོད་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་འདུ་འགོད་ཅིག་རེད། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པའི་དཔུང་ཁག་འཛུགས་སྐྱོང་མཐའ་འཁྱོངས་བྱས་ཏེ་ཏང་གིས་སྲིད་ཁྲིམས་དཔུང་ཁག་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་བརྟན་དུ་གཏོང་བ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བཅས་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་པའི་སྲིད་ཁྲིམས་དཔུང་ཁག་སྟོབས་ཆེན་ཞིག་གཏོད་དགོས། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་འཛིན་ཁྲིམས་སྐྱོང་གི་ལྟ་སྐུལ་ཚོད་འཛིན་དང་། ལས་བྱེད་ཉེན་རྟོག་པའི་སློབ་གསོ་དོ་དམ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ལམ་ལུགས་དང་མ་ལག་དོན་འཁྱོལ་ཡག་པོ་བྱེད་པ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་རང་འགན་གཙང་སྒྲུབ་དང་སྤྱོད་གཙང་གཞུང་བཀུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགན་འཁྲི་འཁུར་ཐུབ་པའི་སྲིད་ཁྲིམས་དཔུང་ཁག་སྟོབས་ཆེན་ཞིག་གཏོད་དགོས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་ལས་དོན་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་དང་འཐབ་ནུས་འཕེལ་བར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་འཇོན་ཐང་ཡོད་པའི་སྲིད་ཁྲིམས་དཔུང་ཁག་སྟོབས་ཆེན་ཞིག་གཏོད་དགོས། ཉེན་རྟོག་པ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྤྱོད་བཟང་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཀུན་སྤྱོད། རང་གཅུན་ནན་པོ་བྱེད་པའི་གཤིས་རྒྱུད་བཅས་ལ་རྒྱུན་ཆད་མེད་པར་ཞུན་བརྡར་ཐུབ་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ། སྲིད་ཁྲིམས་དཔུང་ཁག་ཁྲོད་ཐོན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་གྱི་བསླབ་བྱ་དང་ལེན་གཏིང་ཟབ་བཅས་བྱས་ནས་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་སྲིད་ཁྲིམས་དཔུང་ཁག་གི་དྭངས་གཙང་རང་བཞིན་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཚད་གཞི་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་ནས་སྲིད་ཁྲིམས་བྱ་གཞག་ལ་མཁོ་བའི་ལས་བྱེད་པ་ཡག་པོ་འདེམས་པ་དང་བཀོལ་སྤྱོད་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང “མིག་དཔེ་དྲུག”ལག་ལེན་ཧུར་ཐག་བསྟར་ཏེ་སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་པའི་སྲིད་ཁྲིམས་དཔུང་ཁག་སྟོབས་ཆེན་ཞིག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པ་དང་། བཀོད་སྒྲིག་དང་བླང་བྱ་ཁག་ཇི་མ་ཇི་བཞིན་དོན་འཁྱོལ། དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུག་ཐག་གཏོད་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཚོགས་འདུ་བརྙན་ལམ་གྱི་ཐོག་ནས་འཚོགས་ཤིང་། ལྷ་སར་ཚོགས་ར་གཙོ་བོ་བཙུགས་པ་དང་། ས་ཁུལ་དང་། གྲོང་ཁྱེར། རྫོང་ཆུས་བཅས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།