ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་བཟའ་བཅའི་བདེ་འཇགས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
མི་དམངས་མང་ཚོགས་ཀྱི་ལྕེ་ཐོག་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“རིག་ལྡན་གྱི་བཟའ་བཅའི་བདེ་འཇགས”རྣམ་གྲངས་འཛུགས་སྐྲུན་བྱས་ཡོད། ཡན་ཅིན་ཧའེ་ཡིས་རྣམ་གྲངས་འཛུགས་སྐྲུན་གྱི་སྙན་སེང་ནན་ཏན་ངང་གསན་པ་དང་འབྲེལ་བཀའ་འདྲི་ཡང་ཡང་གནང་ཞིང་། ཁོང་གིས་ཟས་ནི་མི་ཡི་འཚོ་རྟེན་ཡིན་པས་ཟས་ཀྱི་བདེ་འཇགས་གཙོ་བོར་འཛིན་དགོས། བཟའ་བཅའི་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ལྟེ་བའི་གྲོང་ཁྱེར་གྱི“གནས་རིམ་དང་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཁྱབ་རྒྱ་ཆེ་རུ་གཏོང་བ། མཉམ་འགུལ་གྱིས“རིག་ལྡན་བཟའ་བཅའི་བདེ་འཇགས”མ་ལག་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་ནང་ནས་གསོལ་ལྕོག་བར་གྱི་ལྷུ་ཚིགས་རེ་རེ་བཞིན་ནན་པོར་སྲུང་བ། སྦྲེལ་ཐག་ཡོངས་ཀྱི་རིག་ལྡན་ལྟ་འདོམས་མངོན་འགྱུར་ཡོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་བློ་བདེའི་ཟས་ཟ་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ན་ནིང་གི་ལོ་མཇུག་ཏུ། ལྷ་ས་གྲོང་ཁྱེར་བཟའ་བཅའ་ཞིབ་དཔྱད་ཚད་ལེན་ལྟེ་གནས་དོག་སྡེ་ལམ་མྱུར་བཤེར་ས་ཚིགས་སྤྱོད་འགོ་ཚུགས་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་རིན་མེད་ངང་མྱུར་བཤེར་ཞབས་ཞུ་མཁོ་འདོན་གྱིས་ཞིང་སྨན་ལྷག་འཕྲོ་དང་། ཕྱུགས་སྨན་ལྷག་འཕྲོ། ཁྲིམས་འགལ་གྱི་སྦྱོར་རྟ་སོགས་ལ་ཞིབ་དཔྱད་ཚད་ལེན་བྱེད་ཆོག་གི་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་དོག་སྡེ་ལམ་དང་བཅིངས་འགྲོལ་ནུབ་ལམ་གྱི་མྱུར་བཤེར་ས་ཚིགས་2ཡོད་པ་དང་ཆབས་ཅིག་འདི་ལོ་ལྷ་ས་གྲོང་ཁྱེར་དུ་སླར་ཡང་ཞིབ་བཤེར་ཚད་ལེན་ས་ཚིགས་8བཙུགས་ནས་གྲོང་ཁྱེར་དེ་ཡོངས་སུ་གཞི་རྩའི་ཆ་ནས་ཁྱབ་པར་བྱ་རྒྱུ་རེད།
ཡན་ཅིན་ཧའེ་ཡིས་བཟའ་བཅའི་བདེ་འཇགས་ཀྱི་ཞིབ་དཔྱད་ཚད་ལེན་མ་ལག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་རྗེས་འདེད་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་སྒོ་རྩར་སྤུས་ལེགས་ཞབས་ཞུ་ཏན་ཏིག་བསྒྲུབས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
བོད་ལྗོངས་ཧྲེང་མེ་ཅ་སྤུས་དག་སྒོ་རྩིས་ཚོང་ཁང་དུ་ཡན་ཅིན་ཧའེ་ཡིས་ཚོང་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ཚོང་ཟོག་མཁོ་སྤྲོད་དང་རིན་གོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཁེ་ལས་གཉེར་སྐྱོང་ཡག་པོ་དང་། ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་། བདེ་འཇགས་ལྡན་པའི་ངང་གཉེར་སྐྱོང་བཅས་ལ་སྣང་ཆེན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས། ཟོག་ཁུངས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤུས་ཚད་འགན་ལེན་གྱིས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་ཀྱི་དགོས་མཁོ་སྔར་བས་བསྐངས་ཏེ། མི་དམངས་མང་ཚོགས་བློ་བདེའི་ངང་འཛད་སྤྱོད་ཐུབ་པར་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ནས་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐད“ཐར་པར་གཏན་ནས་མི་གཏོང་བ”དང་། བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱེད་པ། རྫུན་ལྷད་ཞན་གསུམ་དང་དུས་ཚོད་ཡོལ་ཏེ་ངོ་བོ་འགྱུར་བ་སྔོན་འགོག་བྱེད་པ། ཁྲོམ་རའི་ལྟ་འདོམས་དང་ཁྲིམས་འཛིན་འགན་འཁྲི་བདའ་འདེད་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་མི་སེར་ཚོའི“འབྲུ་རིགས”དང“ཤ་ཚལ་སྒོང་གསུམ”གྱི་དགོས་མཁོ་ནུས་ལྡན་སྐོང་དགོས།