ཚེས་21ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། དྲུང་ཆེ་བཅས་ཀྱི་ལས་བགོས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“གཙོ་གནད་གཉིས་དང་འཆར་འགོད་གསུམ”གྱི་འཆར་ཟིན་འགོད་པའི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། རྡོ་ཐོགས། འོད་ཟེར་བཅས་དང་། ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་དང་། ཅི་གོ་ཀང་། ཝང་ཅུན། ཐང་མིང་དབྱིང་། ཏང་ཙུའི་ཁོངས་མི་དང་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྣེ་ཁྲིད་དེ“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང་ལྷག་བསམ་རྣམ་དག་གིས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱར་དམ་པོར་དམིགས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ལ་དམ་པོར་དམིགས་པ། “དོན་ཆེན་བཞི”དང“འགན་ལེན་བཞི”ཡི་ཚད་གཞི་དང་ཡང་ཡང་བསྡུར་བ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུར་དམིགས་པ།བརྟན་ལྷིང་སྲུང་སྐྱོང་དང་། དྲ་རྒྱའི་བདེ་འཇགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། ནུས་རྒྱུ་གཙང་མ་འཕེལ་རྒྱས་སོགས་གཙོ་གནད་ལས་འགན་ཞིབ་ཚགས་ངང་སྒྲུབ་པ་དང་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འདི་ལོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་འཆར་འགོད་ནན་ཏན་བྱས་ནས་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་དགོས། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ། ཁྱོན་ཡོངས་ལ་ལྟ་བ། ལས་ཀའི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་སྣང་ཆེན་བྱེད་པ། རང་འགུལ་ངང་ལས་དོན་ཚང་མ་ཆེ་སར་བསམ་བློ་གཏོང་བ་དང་དོན་ཆེན་ལ་བརྩིས་ནས་སྒྲུབ་པ། སྔོན་ཚུད་ནས་འཆར་འགོད་ཞིབ་འཇུག་བྱེད་པ་དང་སྔ་ཙམ་ནས་གྲ་སྒྲིག་བྱེད་པ། ལས་དོན་ཁག་རྣམ་གྲངས་ཅན་དང་། ཇུས་གཞི་ཅན། གསལ་ཐོ་ཅན་བཅས་ཏན་ཏིག་ཡོང་བར་བྱས་ནས་མཚམས་ཚིགས་ལྟར་སྐུལ་འདེད་ཐུབ་པའི་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག སྤྱི་ཚོགས་ཀྱི་རྩ་འཛུགས་ཁག་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཕྱོགས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་དང་འདོན་སྤེལ་ཡག་པོ་བྱས་ཏེ། མཉམ་ཤུགས་ཆགས་པར་བྱས་ནས། ས་ཁོངས་གཅིག་ལ་ཕན་པ་ཐོབ་པ་མ་ཟད། ཁྱོན་ཡོངས་ལ་དེ་བས་ཕན་པ་ཐོབ་པའི་འབད་བརྩོན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། དངོས་སྒྲུབ་ལ་སྣང་ཆེན་དང་ཕན་འབྲས་ལ་སྣང་ཆེན་བྱེད་པ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལས་ཀའི་ཕན་འབྲས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་དངོས་འབྲེལ་བྱེད་པ། “དཔེ་སྟོན་དྲུག”དང“དོན་འཁྱོལ་ལ་དམ་འཛིན་བརྒྱད”གྱི་བླང་བྱ་མི་དམངས་འཐུས་ཚོགས་སུ་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་། གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་བ། ལས་བྱེད་པར་སྔར་བས་ལེགས་པའི་གར་སྟེགས་སྐྲུན་གང་ཐུབ་བཅས་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྐུལ་སློང་གང་ལེགས་བྱེད་དགོས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་དང་། ཡིག་སྐུར་ངོ་བཅར། བདེ་འཇགས་ཐོན་སྐྱེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱེད་དགོས།