དབུ་ཤོག>སྲིད་དོན།
  • དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-24

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཨུད་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་2021ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་འགན་སྒྲུབ་དཔྱད་མོལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཏང་གི་སྲིད་སྐྱོང་རྨང་གཞི་་བརྟན་དུ་ཟམ་མི་ཆད་པ་གཏོང་བ་བཅས་བྱས་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ས་ཨུད་དང་གྲོང་ཨུད་ཁག་གི་ཧྲུའུ་ཅི་དང་། རང་སྐྱོང་ལྗོངས་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུར་དམིགས་ཏེ་ལས་འགན་བསྒྲུབས་ཚུལ་ཞུས་པ་དང་། ཚོགས་ཞུགས་མི་སྣས་ལས་འགན་བསྒྲུབས་ཚུལ་ལ་དཔྱད་མོལ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་པ་དང་འབྲེལ་རེ་རེ་བཞིན་ལ་དཔྱད་བརྗོད་གནང་སྟེ། ས་ཁུལ་དང་གྲོང་ཁྱེར་ཁག་དང་རང་སྐྱོང་ལྗོངས་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་གོ་སྐབས་སུ་བཟུང་སྟེ། གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། ཆད་སྐྱོན་དང་ཞན་ཆ་སེལ་བ་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་རྒྱག་པ་དང་། དེ་བས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ལག་ལེན་བསྟར་བ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་དེ་བས་ཏན་ཏིག་ཡོང་བ། བསམ་བློའི་སྣེ་ཁྲིད་དེ་བས་ནུས་ལྡན་ཐུབ་པ་བཅས་བྱས་ནས། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དེ་བས་བརྟན་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། འདི་ལོ་རང་རེའི་ཏང་གིས་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པས། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་དེ་བས་ལྕི་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་རང་འགན་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ། དམ་འཛིན་ཡག་པོ་བྱེད་མི་ཐུབ་པ་ནི་ཚད་གཞི་མ་ལོན་པ་བཅས་ཡིན་པའི་བསམ་བློ་བརྟན་པོ་འཆང་བ་དང་། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་ས་ཆ་སྲུང་སྐྱོང་བཅས་བྱེད་པའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

    ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་དང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས། “སྲུང་སྐྱོང་གཉིས”གཞི་རིམ་དུ་སྔར་བས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས། སློབ་སྦྱོང་གི་གྲུབ་འབྲས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། ཤུགས་ཆེའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གདེང་ཚོད་ལ་བརྟེན་ནས་དཔའ་ངར་ཆེར་སྐྱེད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས།

    ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་འཛུགས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་ཆེར་སྐྱེད་བྱེད་པ། གཞི་རིམ་བཅོས་སྐྱོང་བྱེད་རིང་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ། འགལ་བ་དང་རྩོད་གཞི་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱེད་པ། གནད་དོན་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་སེལ་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་བརྟན་ལྷིང་སྲུང་སྐྱོང་བྱེད་པའི“ཟམ་སྣེའི་བཙན་རྫོང”ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་ལ་འཛིན་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་པ་གཞི་རིམ་དུ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི“ལས་དོན་རུ་ཁག”ཅིག་ཏུ་གཏོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་རྒྱུར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། དབུལ་སྐྱོར་ཐོན་ལས་རིམ་སྤོར་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་མང་ཚོགས་ཕྱུག་འགྱུར་གྱི“སྣེ་ཁྲིད་པ”ཞིག་ཏུ་འགྱུར་བ་བྱེད་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ་དང་། མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་མཐའ་མཚམས་སྲུང་སྐྱོབ་བྱེད་པའི“རྟེན་ས”ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

    རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་གཏོང་དགོས། རིགས་དབྱེ་མཛུབ་ཁྲིད་དང་གནད་སྨིན་ཇུས་འདོན་བྱེད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བྱེད་པ། ཏང་ཡོན་འཕེལ་རྒྱས་དང་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཡོན་གྱི་སྔོན་ཐོན་དཔེ་བཟང་ནུས་པ་དེ་བས་མངོན་གསལ་དོད་པོ་ཡོང་བའི་འགན་ལེན་བྱེད་དགོས། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ་བཅས་ལ་བརྟེན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ནུས་ཆོད་དུ་ཏན་ཏིག་འགྱུར་བ་བྱེད་དགོས།

    འགན་འཁྲིའི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་བ་ཨང་དང་པོས་འགན་འཁྲི་ཡག་པོ་འཁུར་བ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་བཅས་བྱས་ནས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་གསོན་ཤུགས་འཕེལ་བ་བྱེད་དགོས། དོ་དམ་ནན་པོ་དང་ཐུགས་ཁུར་ཟབ་མོ་ཟུང་འབྲེལ་བྱེད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་བའི་མངོན་གསལ་དོད་པའི་སྟོན་ཕྱོགས་གཏོད་པ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། སྦྱོང་བརྡར། བེད་སྤྱོད་བཅས་བྱེད་རྒྱུར་མཐོང་ཆེན་བྱེད་པ་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཚོགས་འདུའི་ཁོངས་མི། གཞི་རིམ་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ལྷ་སར་ཚོགས་ར་གཙོ་བོ་བཙུགས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།