དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-23

    1588288_yis_1642867200000_s.jpg

    ཟླ་1ཚེས་20ཉིན། རང་སྐྱོང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

     ཟླ་1ཚེས་20ཉིན་རང་སྐྱོང་ལྗོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་བརྟན་དུ་གཏོང་བ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་གི་ལོ་རྒྱུས་ལ་ཕྱོགས་སྡོམ་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་མུ་མཐུད་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་དགུ་པའི་ཙུའུ་ཀྲང་ཡུས་ཞའོ་མིང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་འཛུགས་པ་དང་། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དམིགས་ནས་བཏོན་གནང་བའི་འཐབ་ཇུས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དྲིལ་བསྒྲགས་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་ཞིང་། ཏང་གི་ལོ་རྒྱུས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམིགས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་། བརྟན་དུ་ཡག་པོ་གཏོང་བ་། རྒྱ་སྐྱེད་ཡག་པོ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ལ་རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་དང་། “གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལོན་པ། བློ་རྩ་བརྟན་པོས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པ་བྱ་སྤྱོད་ལ་འཁྱོལ་བ་དང་ལས་ཀའི་ནང་མངོན་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་རིམ་པ་བཞིན་མིག་དཔེ་སྟོན་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ་དང་མི་སྣ་ཀུན་ཞུགས་པ། རྣམ་པ་གསར་པ་གཏོད་པ་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ནན་པོ་ཏན་ཏིག་དང་ཕན་འབྲས་ཆེན་པོ་བརྩོན་ལེན་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་འགོ་འཛུགས་ས་མཐོ་པོ་དང་། ཚད་གཞི་མཐོ་པོ། སྤུས་ཚད་མཐོ་པོ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་ལོ་རྒྱུས་ཀྱི་གདེང་ཚོད་ཆེར་གཏོང་མཐའ་འཁྱོངས་ཀྱིས“སྲུང་སྐྱོང་གཉིས”ཐུབ་རྒྱུ་སྔར་བས་རང་རྟོགས་སུ་བསྒྱུར་བ་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་སྔར་བས་རང་རྟོགས་སུ་བསྒྱུར་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་མཐའ་འཁྱོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་སྔར་བས་རང་རྟོགས་སུ་བསྒྱུར་བ། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར། འགན་ཁུར་ནས་བྱས་རྗེས་འཇོག་པ་བཅས་བྱ་རྒྱུ་སྔར་བས་རང་རྟོགས་སུ་བསྒྱུར་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྒྱུད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཆབ་སྲིད་ཀྱི་སློབ་གསོ་དང་། བསམ་བློའི་ངར་སྐུལ། བསམ་པའི་ཞུན་བརྡར་བཅས་ཐེབས་པ་དང་། ལོ་རྒྱུས་ཀྱི་གདེང་ཚོད་ཆེས་ཆེར་འཕེལ་བ། གསར་གཏོད་བྱེད་ནུས་དང་། གོང་བུ་སྒྲིལ་ནུས། འཐབ་འཛིང་བྱེད་ནུས་བཅས་ཆེས་ཆེར་སོང་བ། བྱས་རྗེས་འཇོག་པ་དང་ལས་སྒྲུབ་ལས་གཏོད་བྱེད་པའི་ཡར་བརྩོན་གྱི་སྙིང་སྟོབས་ཆེས་ཆེར་འཕེལ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ལ། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དམིགས་ཡུལ་ཡང་གྲུབ་ཡོད།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུན་ཆད་མེད་པར་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། དེ་བས་སྲ་བརྟན་དང་རང་རྟོགས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སྤྱི་ཡོངས་ལ་སྟངས་འཛིན་བྱེད་པ་དང་། ཡིད་ཆེས་བརྟན་གཏོང་དང་བསམ་བློ་གཅིག་གྱུར་བྱེད་པ། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་དངོས་འབྲེལ་བསྙེགས་ཐུབ་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་དགོས་པ། ངེས་པར་དུ་ཕུགས་བསམ་དང་དད་སེམས་དེ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་དང་བསམ་པའི་ཀ་རྟེན་ལྟ་བུར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རིང་ཏང་གཤིས་ཀྱི་བློ་སྦྱོང་ལ་ཞུན་བརྡར་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། བསམ་པའི་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ནས་མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་སེམས་བརྟན་པོ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་བརྟན་པོ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡིད་ཆེས་བརྟན་པོ་བཅས་སྔར་བས་བརྟན་དུ་གཏོང་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཐོབ་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འཆི་གསོན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་བྱ་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གསར་པ་དེ“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”གཙོ་གཉེར་བྱེད་པའི་སྒུལ་ཤུགས་ཆེན་པོར་སྒྱུར་བ་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གདེང་ཚོད་ཆེན་པོར་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་ཤེས་རྟོགས་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ། དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་བེད་སྤྱོད་བཅས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་ཏེ། བསམ་བློ་དང་། ནུས་པ། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། དུས་རབས་མདུན་སྐྱོད་ཀྱི་གོམ་སྟབས་ཀྱི་རྗེས་ཟིན་པ། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བཅས་ཀྱི་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་བདེན་དོན་གྱི་སྟོབས་ཤུགས་དང་དད་མོས་ཀྱི་སྟོབས་ཤུགས་རྟོགས་པར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མཐའ་སྐྱོང་བོད་བརྟན་གྱི་བསམ་ཕྱོགས་བྱ་ཐབས་དང་ནུས་པར་ཏན་ཏིག་འགྱུར་བར་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་ཏུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གསལ་རྟོགས་བྱེད་པ། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་པ་བརྟན་སྲུང་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་དམ་པོར་སྲུང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ཏེ། སེམས་ནང་གི་གནས་བབ་མཐོ་ཤོས་སུ་དངོས་འབྲེལ་མང་ཚོགས་བཞག་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་དེ་བས་སྒྱུར་བ་དང་ཆབས་ཅིག དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་པའི་ཐོག་ནས་མཚོན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་པའི་ཐོག་ནས་མཚོན་པ། སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོང་བའི་འགན་ལེན་བྱེད་པའི་ཐོག་ནས་མཚོན་པ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་པའི་ཐོག་ནས་མཚོན་པ་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་བྱས་རྗེས་ཡག་པོ་འཇོག་དགོས། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། འཐབ་ཇུས་ཐོག་ནས་གནད་དོན་ལ་ལྟ་སྟངས་འཛིན་མཁས་པོ་དང་གནད་དོན་ལ་བསམ་གཞིག་བྱེད་མཁས་པོ་དང་། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་མཁས་པོ། ཕྱོགས་གཅིག་དང་ཁྱོན་ཡོངས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་མཁས་པོ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་མཁས་པོ་བཅས་བྱས་ནས་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་མ་ཟད། ལོ་རྒྱུས་ཀྱི་རང་འགུལ་སྔར་བས་ལེགས་པར་ཁོང་དུ་ཆུད་པར་བྱས་ནས་ཉེན་ཁའི་འགྲན་སློང་ལས་རྣམ་པར་རྒྱལ་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་ཉམས་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནི་ཡུན་རིང་གི་ལས་འགན་ཞིག་རེད། དེས་ན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལམ་ལུགས་དང་ལམ་སྲོལ་བཙུགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་རྒྱུན་གཏན་ཅན་དུ་འགྱུར་པ་དང་དུས་རྒྱུན་དུ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་བརྟེན་ནས་སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་བ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ལམ་སྲོལ་ཡག་པོ་སྤྱད་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱེད་པ། རྒྱ་ཆེའི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་གྱིས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཡུས་ཞའོ་མིང་གིས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་ཟབ་མོ་དང་འཕེལ་ཕྱོགས་བཟང་པོ་བྱུང་ལ། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད། གོམ་སྟབས་རྗེས་མར་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཏེ། བརྒྱུད་རིམ་རང་བཞིན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་འབད་བརྩོན་བྱས་ནས་རྒྱལ་ཡོངས་ནས་གོམ་པ་གང་སྔོན་ལ་སླེབས་པ་དང་མིག་དཔེ་སྟོན་ཐུབ་པའི་བརྩོན་ལེན་བྱེད་དགོས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ལམ་ལུགས་ཅན་དུ་འགྱུར་བར་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་ཡག་པོ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།