དབུ་ཤོག>སྲིད་དོན།
  • ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-19

    ཚེས་17ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ཏེ། ཏང་ཀྲུང་དབྱང་གི་གཏན་འབེབས་དང་། ཀྲང་ཡུང་ཙེར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་ཞིབ་བཤེར་བརྟག་དཔྱད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་བརྒྱུད་བསྒྲགས་བྱས་པ་མ་ཟད། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞིང་།ཚོགས་ཞུགས་མི་སྣས་ཏང་ཀྲུང་དབྱང་གི་གཏན་འབེབས་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་གཅོད་པའི་རྣམ་འགྱུར་གསལ་པོ་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཆད་པ་ནན་པོ་གཅོད་པ་དང་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྲ་ཞིང་བརྟན་པའི་བློ་སྟོབས་དང་འགན་འཁྲི་ཁུར་སེམས་ཆེན་པོ་གང་ལེགས་མཚོན་པ་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་ནམ་ཡང་ཚར་དུས་མེད་པའི་བརྡ་རྟགས་དྲག་པོ་སླར་ཡང་བཏང་ཡོད་ཅེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    ཡན་ཅིན་ཧའེ་ཡིས། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བར་བྱས་ཏེ། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་ལྟར“གཏན་འཁེལ་གཉིས”སྲུང་སྐྱོང་དང་། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བསླབ་བྱ་དང་ལེན་གཏིང་ཟབ་བཅས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་སྟེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་དང་ལངས་ཕྱོགས་བརྟན་དུ་གཏོང་དགོས་ཤིང་། ཚད་མཐོའི་ཆབ་སྲིད་ཀྱི་དྭངས་གཙང་རང་བཞིན་དང་ཆབ་སྲིད་ཀྱི་དོགས་ཟོན་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་གཏོང་དང་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་རིགས་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་རིགས་མཐའ་གཅིག་ཏུ་སྒྲུབ་པ། ཏང་ཀྲུང་དབྱང་གིས་གཏན་འགོག་གནང་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། ཐོག་མའི་བསམ་འདུན་དང་དད་སེམས་སྲུང་དགོས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་བཅས་བྱས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། དབྱེ་མཚམས་དང་མཐའ་ཚད་གསལ་པོར་འབྱེད་དགོས་ཤིང་། ཀྲང་ཡུང་ཙེའི་ཤུགས་རྐྱེན་ངན་པ་མཐའ་གཅིག་ཏུ་བསལ་ནས་གྱོད་གཞི་དྲངས་ནས་ཉེན་བརྡ་གཏོང་བ་དང་། གྱོད་གཞི་དྲངས་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ། གྱོད་གཞི་དྲངས་ནས་འགོག་ཟོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་དང་། སྒྲིག་ཁྲིམས་ཀྱི་དམར་ཐིག ཀུན་སྤྱོད་ཀྱི་མཐའ་ཚད་བཅས་བརྟན་དུ་གཏོང་དགོས། འགན་འཁྲི་དང་ལས་འགན་འཁུར་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་དཔལ་འབྱོར་ལས་དོན། ལས་སྒོ་བཅས་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དོན་འཁྱོལ་བྱེད་དགོས། སྒྲིག་ལམ་དང་སྤྱོད་ཚུལ་ནན་དུ་གཏོང་དགོས་ཤིང་། རང་གཅུན་ནན་པོ་དང་། ནང་མི་དང་གཉེན་ཉེ་གཅུན་འདོམས། ཉེ་འགྲམ་གྱི་ལས་དོན་མི་སྣ་གཅུན་འདོམས་བཅས་བྱེད་པ་དང་། མི་སྒེར་གྱི་གལ་ཆེ་བའི་བྱ་བ་རང་རྟོགས་ངང་སྙན་སེང་ཞུ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་པོ་བཅས་བྱས་ནས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ལྟ་སྐུལ་དང་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་མཐའ་འཁྱོངས་དང་། རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན། འགན་འཁྲི་བདའ་འདེད་ནན་གཏོང་བཅས་བྱས་ནས་རྩ་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་སོ་མི་སྤྲོད་པ་དང་ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་ཉེར་ཕྱོགས་གཡོ་ཟོལ་གཏན་ནས་མི་ཡོང་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།