ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། དུས་བདེ་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལིའུ་ཅང་གིས་རང་སྐྱོང་ལྗོངས་དུས་བདེ་གཞུང་དོན་ཁང་གི་2022ལོའི་ཀྲུའུ་རེན་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་མཐུན་སྦྱོར་ཚོགས་ཆུང་གི《2020ལོའི་དུས་བདེ་འཛུགས་སྐྲུན་གྱི་དཔྱད་ཞིབ་གདེང་འཇོག་གནས་ཚུལ་སྐོར་གྱི་བརྡ་ཁྱབ》དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། དུས་བདེ་འཛུགས་སྐྲུན་གནས་ཚུལ་བརྡ་ཁྱབ། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ། ལྗོངས་ཡོངས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤཱ་ཁེ་ཆིན་ཚོགས་འདུར་ཞུགས་པ་དང་སྦྲགས་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ལྗོངས་ཏང་ཨུད་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་དཔྱད་ཞིབ་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།
ལིའུ་ཅང་གིས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་སྐྲུན་པར་ངེས་པར་དུ་ངོས་འཛིན་ཐད་རིམ་སྤོར་གསར་པ་ཡོད་པ་དང་། ལམ་སྲོལ་ཐད་གསར་གཏོད་ཡོད་པ། སྐུལ་འདེད་ཐད་དམ་འཛིན་བྱ་གཞི་ཡོད་པ། སྦྲེལ་མཐུད་ཐད་ཤུགས་སྣོན་རྒྱག་གཞི་ཡོད་པ། ཕན་འབྲས་ཐད་ཀུན་གྱིས་ཁས་ལེན་ཡོད་པ། འགན་འཁྲིའི་ཐད་འགན་འཁུར་མཁན་ཡོད་པ། བྱ་དགའ་ཆད་གཅོད་ཐད་བྱ་ཐབས་ཡོད་པ་བཅས་བྱེད་དགོས། “དོན་ཆེན་བཞིར”དམ་འཛིན་དང་། “འགན་ལེན་བཞི”མངོན་འགྱུར། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ལ་དམིགས་ནས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དུས་བདེ་འཛུགས་སྐྲུན་གྱི་བསམ་བཀོད་གསར་པ་དང་བྱེད་ཐབས་གསར་པ་འཆར་འགོད་ནན་ཏན་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཞན་ཆ་སེལ་བ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་པ། ལྗོངས་ཡོངས་ཀྱི་དུས་བདེའི་འཛུགས་སྐྲུན་གྱི་སྤྱིའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།