དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-10

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མོས་མཐུན་ཐོབ་པ་བརྒྱུད། ཉེ་ཆར། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་འཐུས་མི་འདེམས་བསྐོའི་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་འཐུས་མི་འདེམས་བསྐོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་གི་འབྲེལ་ཡོད་བརྡ་ཐོ། དེ་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་རྒྱུ་ནི“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལྷག་བསམ་ཟོལ་མེད་ངང་ལག་ལེན་བསྟར་བའི་ཞིབ་བཤེར་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་གྱི་སྐུལ་སློང་ནུས་ལྡན་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཐད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་ཏུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ཚད་གཞི་དང་ཆ་རྐྱེན་ནན་ཤོས་དང་གོ་རིམ་དང་ཚད་གཞི་ཚགས་དམ་ཤོས་ལ་བརྟེན་ནས་ཆེས་ཕུལ་བྱུང་གི་ཏང་ཡོན་མིང་བཏོན་འདེམས་བསྐོ་བྱེད་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐུལ་སློང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བསྟན་ཡོད་པ་རེད།

    ཚོགས་འདུའི་ཐོག ཀྲུང་དབྱང་གི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། འོས་མིའི་སྤྱོད་གཙང་གི་མཐའ་ཚད་བརྟན་པོ་སྲུང་བ། འཐུས་མིའི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་སྣང་ཆེན་བཅས་བྱས་ནས་འཐུས་མིའི་སྔོན་ཐོན་རང་བཞིན་དང་རྒྱ་ཁྱབ་ཀྱི་ཚབ་མཚོན་རང་བཞིན་འགན་ལེན་བྱེད་དགོས། མིང་བཏོན་འདེམས་བསྐོའི་གོ་རིམ་དོན་འཁྱོལ་ནན་པོ་དང་། འོས་སྦྱོར་མིང་བཏོན་ནན་ཏན་བྱེད་པ། ཞིབ་བཤེར་དང་རྟོག་ཞིབ་ནན་པོ་བྱེད་པ། གོ་རིམ་དང་སྒྲིག་ལམ་ནན་པོར་གཞིགས་ནས་འཐུས་མི་མིང་བཏོན་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། མིང་བཏོན་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ཏང་གིས་འགོ་འཁྲིད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ། འགན་འཁྲི་ནན་ཏུ་གཏོང་བར་དམིགས་པ། སྒྲིག་ཁྲིམས་སྔོན་ལ་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམས་བསྐོའི་སྒྲིག་ཁྲིམས་བཅས་ནན་དུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་དྲིལ་བསྒྲགས་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་འོས་སྦྱོར་འདེམས་བསྐོའི་ལས་དོན་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།