དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-06

    ཚེས་4དང་5ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་སྔ་རྗེས་སུ་གཞིས་རྩེ་དང་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།

    འཐུས་མི་ཚོགས་པ་ཁག་ཏུ་འཐུས་མི་ཚོས་འགྱུར་ལྡོག་གླེང་བ་དང་། འཕེལ་རྒྱས་ཀྱི་སྐོར་བརྗོད་པ། བསམ་འཆར་འདོན་པ་བཅས་གནང་ནས་གྲོས་ཞིབ་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཕྱོགས་ཡོངས་ནས་ལག་བསྟར་དང་བརྩི་བཀུར་ཞུས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པའི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཕྱོགས་ཡོངས་ནས་དམིགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་རྒྱུར་ཕྱོགས་ཡོངས་ནས་དམིགས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་རྒྱུན་མཐུད་ངང་ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཕྱོགས་ཡོངས་ནས་དམིགས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པའི་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་རྒྱུར་ཕྱོགས་ཡོངས་ནས་དམིགས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་བླང་བྱ་གསར་པར་ཕྱོགས་ཡོངས་ནས་དམིགས་ཏེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཡོང་རྒྱུར་རྒྱུན་མཐུད་ངང་ཤུགས་རྒྱག་པ། “དོན་འཁྱོལ་ལ་དམ་འཛིན་བྱེད་པ་བརྒྱད”ལ་ཕྱོགས་ཡོངས་ནས་དམིགས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་ཤུགས་རྒྱག་པ་བཅས་བྱེད་དགོས་པ་དང་། དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་མདུན་སྐྱོད་ཀྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་བཅས་ཡིན་པའི་ཡན་ཅིན་ཧའེ་སྔ་རྗེས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ལྷ་སའི་འཐུས་མི་ཚོགས་པ་དང་མངའ་རིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།

    གྲོས་ཞིབ་གནང་རིང་འཐུས་མི་ཚོས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གནང་ནས་འགན་འཁྲི་དང་། དྲིན་ཚོར། གདེང་ཚོད། འབད་འཐབ་བཅས་གླེང་གནང་ནས་རྣམ་པ་འཁྲུག་ཆ་དོད་པོ་ཡོད། ཡན་ཅིན་ཧའེ་ཡིས་ཐེངས་འདིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་འགོད་སྐབས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམ་པོར་དམིགས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་ངེས་གནས་དང་། དམིགས་ཚད་ལས་འགན། འཐབ་ཇུས་བྱ་ཐབས་བཅས་ལ་གཞིགས་ནས་འགོ་འཛུགས་ས་གསར་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ། འབད་འཐབ་གསར་པ་བཅས་ལ་གཞི་ཚུགས་ཏེ་སྲིད་གཞུང་གི“དཀའ་སྤྱད་སྟོན་གྲངས”དེ་ལྗོངས་ཡོངས་ཀྱི་མི་དམངས་ཀྱི“བདེ་སྐྱིད་སྟོན་གྲངས”ལ་འགྱུར་བ་བྱས་ཡོད་ཅེས་གསུངས་པ་རེད།

    གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཡན་ཅིན་ཧའེ་ཡིས། ལྷ་ས་གྲོང་ཁྱེར་གྱིས་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་ནས་བརྟན་པོའི་རྨང་གཞིའི་ཐོག་ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རྣམ་གྲངས་དོན་གཉེར་དང་། རྣམ་གྲངས་འོས་འགུག རྣམ་གྲངས་སྐྲུན་པ་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། “ཇི་ལྟར་ཞུགས་པའི”ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་འགན་འཁུར་ཕོད་པ་དང་སྔོན་ལ་བྱས་རྗེས་འཇོག་ཕོད་པ་བྱེད་དགོས། མངའ་རིས་ས་ཁུལ་གྱིས་ས་ཁུལ་དེའི་ལས་དོན་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆར་གཞི་ཚུགས་པ། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ནན་པོ་དང་། སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་ནན་པོ། ས་སྲུང་མཐའ་བརྟན་ལ་དམ་འཛིན་ནན་པོ། དམངས་འཚོ་ལེགས་གཏོང་ལ་དམ་འཛིན་ནན་པོ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མངའ་རིས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    ཚེས་4ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀྲོང་ཡན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ནག་ཆུའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།

    ཚོགས་རའི་རྣམ་པ་འཁྲུག་ཆ་དོད་པ་དང་འཐུས་མི་ཚོས་གཏམ་བཤད་ཧུར་ཐག་སྤེལ་ནས་འགྱུར་ལྡོག་གླེང་བ་དང་། གྲུབ་འབྲས་བརྗོད་པ། གནད་དོན་གླེང་བ། གྲོས་འགོ་འདོན་པ་བཅས་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། གཅིག་ནས་ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། མང་ཚོགས་ལ་དམ་པོར་བརྟེན་པ། མང་ཚོགས་སྐུལ་སློང་གང་ལེགས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས། གཉིས་ནས་རྒྱུན་འཛིན་དང་གསར་གཏོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག》ལག་བསྟར་ནན་ཏན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། གསུམ་ནས་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་པ་དང་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་རྒྱུན་མཐུད་ངང་ཁྲིད་སྟོན་བྱས་ནས་བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས། བཞི་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་དེང་རབས་ཀྱི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་འཛུགས་སྐྲུན་གྱི་བྱེད་སྒོ་བརྟན་པོའི་ངང་སྤེལ་ནས་བློ་བརྟན་འགྱུར་མེད་ངང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་དགོས། ལྔ་ནས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ། སྐྱེ་ཁམས་མ་ལག་ནུས་པ་སླར་གསོ་དང་སྐྱེ་ཁམས་མ་ལག་ལེགས་སུ་གཏོང་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས། དྲུག་ནས་གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། “མིག་དཔེ་དྲུག”དང་། “ཞིབ་བཤེར་བཞི་དང་འདྲི་རྩད་བཞི”“དོན་འཁྱོལ་ལ་དམ་འཛིན་བྱེད་པ་བརྒྱད”བཅས་ཀྱི་བླང་བྱར་ཕྱོགས་ཡོངས་ནས་ཞིབ་བསྡུར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།

    ཚེས་4དང་5ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཁྲེན་ཡུང་ཆི་སྔ་རྗེས་སུ་ཉིང་ཁྲིའི་འཐུས་མི་ཚོགས་པ་དང་ལྷོ་ཁའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

    འཐུས་མི་ཚོས་ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ་བཅས་གནང་ནས་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། གཅིག་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུར་འཆར་འགོད་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་ཐོག་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འགོ་ཁྲིད་ལས་བྱེད་པས་གཙོ་གནད་རྣམ་གྲངས་འགན་གཙང་ལེན་པའི་ལམ་ལུགས་ལག་བསྟར་བཅས་བྱས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ“ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པའི་ཆུ་ཚད་མཐོ་རུ་གཏོང་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཐོན་ལས་རིམ་སྤོར་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་ཐོན་ལས་གྲུབ་ཆ་ལུགས་མཐུན་ཅན་དང་མཐོ་རིམ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་སྟེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་སེམས་ཁུར་བཅས་བྱས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་ཚད་གཞི་མཐོར་གཏོང་དང་གཞི་ཁྱོན་ཆེར་གཏོང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། བཞི་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། “ཞིབ་མཆན་དོན་གནད་ཉུང་ཤོས་དང་། ཞིབ་མཆན་དུས་ཚད་ཐུང་ཤོས། ཞིབ་མཆན་གོ་རིམ་ལེགས་ཤོས། ཞིབ་མཆན་ཞབས་ཞུ་ཡག་ཤོས”བཅས་ཀྱི་བླང་བྱ་ལྟར་སྔོན་ཐོན་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཚོད་ལྟའི་གྲོང་ཁྱེར་དང་དཔེ་བསྡུར་བྱས་ནས་རྣམ་གྲངས་རེ་རེ་བཞིན་སྒྱུར་བཅོས་དང་བྱ་བ་རེ་རེ་བཞིན་སྒྲུབ་དགོས། ལྔ་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཡོང་བར་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་གཏོང་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་གཏོང་གི་གོམ་སྟབས་མགྱོགས་སུ་གཏོང་བ་དང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མཐའ་སྲུང་གནས་སྤོས་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ་མ་ཟད། མི་རྣམས་མཐའ་སྲུང་དང་། བདེ་སྡོད། ལས་བརྩོན་བཅས་ཡོང་བ་ཡང་བྱེད་དགོས། དྲུག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ཏེ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ལྷོད་གཡེང་གི་བསམ་བློ་དང་། སྟེས་དབང་གི་སེམས་ཁམས། རྣམ་གཡེང་གི་བསམ་པ། དཀའ་བ་སྤྱོད་འདོད་མེད་པའི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་ཕྱི་ནས་མ་འགོ་བ་བྱེད་པའི་འགག་རྩ་དེར་དམ་འཛིན། སྔོན་འགོག་གི་རྨང་གཞི་བརྟན་གཏོང་། འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ། ཚན་རིག་དང་མཐུན་ལ་གནད་སྨིན་དང་དམ་ནན་ངང་རིམས་འགོག་གི་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཡོང་ཆེད་ཁོར་ཡུག་གི་ཆ་རྐྱེན་ཡག་པོ་གཏོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།