ཟླ་1ཚེས་5ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ཤིང་། བྱང་ངོས་པ་ཚེ་གཡང་སོགས་ཨུ་ཡོན་14ཡིས་རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་པོར་དམིགས་པ་དང་། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་དང་། ཤེས་ལྡན་པར་དོ་དམ། གྲོང་གསེབ་དར་རྒྱས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་སྐོར་ལ་ཐབས་འདོན་ཇུས་འབུལ་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་ཐབས་ཇུས་འགོད་པར་དཔྱད་གཞི་མཁོ་འདོན་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ལེ་ཀུའེ་ལུང་དང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན། ངག་དབང་། ཅང་ཅེ། པད་མ་དབང་འདུས། ཝང་ཡ་ལིན། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ། རྒྱ་མཚོ་ལྷ་མོ་བཅས་ཚོགས་འདུར་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་ཨུ་ཡོན་ཚོའི་གཏམ་བཤད་གསན་པ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་ཆེན་ཐོག་གཏམ་བཤད་གནང་སྐབས། སློབ་གསོ་ལུས་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་བྱང་ངོས་པ་ཚེ་གཡང་གིས། སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རིང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་ཐད་སྲིད་གྲོས་ཨུ་ཡོན་ཚོས“དོན་འཁྱོལ་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ”གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། རྒྱལ་ཁབ་དང་མི་དམངས་ལ་འགན་འཁྲི་གཙང་སྒྲུབ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཞིང་ལས་རིགས་ཁོངས་ཀྱི་ཨུ་ཡོན་ཏུའུ་ཅེ་ཡིས་དོ་དམ་ལམ་སྲོལ་ལེགས་སྒྲིག་བྱེད་པ་དང་། དཔྱད་ཞིབ་དང་བྱ་དགའི་ལམ་ལུགས་འཛུགས་པ། གྲོང་ཚོ་རིམ་པའི་སྲོག་ཆགས་རིམས་འགོག་མི་སྣའི་ཐོབ་ཆ་ལེགས་སུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་ཕྱོགས་ལྔའི་ཐད་ནས། ཚན་རྩལ་ཤེས་ལྡན་པའི་ཞན་ཆ་སེལ་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་རྟ་ཐོག་བློ་བཟང་ཡེ་ཤེས་ཀྱིས“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་སྤེལ་བ་དང་། སྲོལ་རྒྱུན་གྱི་དཔེ་ཁྲིད་ལམ་ལུགས་སྒྱུར་བཅོས། གྲྭ་བཙུན་གྱིས་སྡོམ་ཁྲིམས་ནན་པོ་སྲུང་བའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཀྲུང་གུང་རིགས་ཁོངས་ཀྱི་ཨུ་ཡོན་བུ་སྐྱིད་དགའ་ཡིས་གཏམ་བཤད་སྤེལ་སྐབས། རང་ལྗོངས་ཀྱི་སྡེ་ལས་དོ་དམ་ལ་གནས་པའི་གནད་དོན་བཏོན་ནས། སྡེ་ལས་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ལས་དོ་དམ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཏུ་འཇུག་པ། ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ་ཞིག་མཉམ་དུ་གཏོད་པ། སྡེ་ལས་དོ་དམ་གྱི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ། སྡེ་ལས་དོ་དམ་ལས་རིགས་ཀྱི་ལྟ་འདོམས་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་ལྔའི་ཐད་ནས་ལས་དོན་གྱི་གྲོས་འགོ་བཏོན་གནང་བ་རེད།
དཔལ་འབྱོར་རིགས་ཁོངས་ཀྱི་ཨུ་ཡོན་ཐུབ་བསྟན་མཁས་གྲུབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་རྩེ་རིམ་ཇུས་འགོད་བཟོས་ནས་གསར་བརྗེའི་ཐོན་ཁུངས་ལ་མཐོང་ཆེན་དང་། སྲུང་སྐྱོང་བེད་སྤྱོད་ལ་སྣང་ཆེན་བྱས་ནས་གསར་བརྗེའི་རྩ་བ་ཡག་པོ་སྲུང་བ། མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་གསར་བརྗེའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ། མང་ཚོགས་ཞུགས་པར་ཡིད་དབང་བཀུག་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་སོགས་ཕྱོགས་ལྔའི་ཐད་ནས་ལས་དོན་གྱི་གྲོས་འགོ་བཏོན་གནང་བ་རེད།
དཔལ་འབྱོར་རིགས་ཁོངས་ཀྱི་ཨུ་ཡོན་སྐལ་བཟང་ཆོས་སྒྲོན་གྱིས། བོད་ལྗོངས་དངུལ་རྩའི་ལས་རིགས་ཀྱིས་ནུས་རྒྱུ་གཙང་མར་དམིགས་པ་དང་། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་ལ་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་བ། དུས་བཀག་ལྟར“ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར——30/60”ཡི་དམིགས་ཚད་ལེགས་གྲུབ་ལ་རམ་འདེགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཞིང་ལས་རིགས་ཁོངས་ཀྱི་ཨུ་ཡོན་ཁྲེན་ལིས། གྲོང་གསེབ་དར་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཤེས་ལྡན་མི་སྣ་ཇི་ལྟར་གནས་ཐུབ་པ་དང་། ས་དབང་གཏན་འཁེལ་ཇི་ལྟར་བྱེད་པ། མ་དངུལ་རག་ཐབས་ཇི་ལྟར་བྱེད་པ། ཐོན་ལས་མཉམ་འདྲེས་ཇི་ལྟར་བྱེད་པ། ཁ་ཕྱོགས་གཏན་འཁེལ་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོས་འགོ་བཏོན་གནང་བ་རེད།
མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་ཐུབ་དགའ་ཡིས། ཆབ་མདོར་བྱུང་བའི་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་བརྗོད་ནས་བོད་གནའ་སྔ་མོ་ནས་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་གང་ལེགས་དང་། ལེགས་སྒྲིག་ནུས་ལྡན། དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། མི་རིགས་ཁག་དབར་མཐུན་སྒྲིལ་དང་མཉམ་འདྲེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གངས་ལྗོངས་ས་མཐོར་དོན་འཁྱོལ་ཐུབ་ནས་རྩ་བ་ཚུགས་པ་དང་ཡལ་འདབ་ལྷུག་པོར་གྲོལ་བར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
དཔལ་འབྱོར་རིགས་ཁོངས་ཀྱི་ཨུ་ཡོན་ཡིང་ཝེ་ཧྥུང་གིས། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བར་དམིགས་ཏེ། མཉམ་འགོག་མཉམ་སྡོམ་གྱི་དོ་དམ་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། སྐྱེ་ཁམས་མ་ལག་བདེ་འཇགས་དང་འགན་སྲུང་གི་རྨང་གཞི་བརྟན་དུ་གཏོང་བ། ཁྱད་ལྡན་དང་འབྱུང་འཕྲོད་ཐོན་ལས་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
དམིགས་བསལ་གདན་ཞུས་རིགས་ཁོངས་ཀྱི་ཨུ་ཡོན་ཐུབ་བསྟན་ཚེ་རིང་གིས། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པར་དམིགས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས“འཐབ་ས་གལ་ཆེན”དུ་འགྱུར་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་བྱས་ཏེ“ལས་སྟེགས་གལ་ཆེན”ལ་འགྱུར་བ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་བཏོན་ནས“ཐབས་ལམ་གལ་ཆེན”ལ་འགྱུར་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་ལས་དོན་གྱི་གྲོས་འགོ་བཏོན་གནང་བ་རེད།
གུང་གཞོན་སྡེ་ཚོགས་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་རིགས་ཁོངས་ཀྱི་ཨུ་ཡོན་ཧོ་ཧྭ་ཡིས། མི་རིགས་ཁག་གི་གཞོན་ནུར་སློབ་གསོ་ཁྲིད་སྟོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་སྟོབས་གསར་དམག་དཔུང་ཞིག་བརྩོན་ལེན་ཧུར་ཐག་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས། བོད་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱ་སྤྱོད་དང་། བོད་ཀྱི་གཞོན་ནུ་ལོ་ཆུང་ལག་ལེན་ཁྲོད་མི་སྣ་གསོ་སྐྱོང་བྱེད་པའི་བྱ་སྤྱོད། བོད་ཀྱི་གཞོན་ནུའི་རྩ་བ་གསོ་ཞིང་བློ་སྦྱོང་བྱེད་པའི་བྱ་སྤྱོད། བོད་ཀྱི་གཞོན་ནུས་བྱས་རྗེས་འཇོག་པ་དང་འབད་འཐབ་བྱེད་པའི་བྱ་སྤྱོད་བཅས་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་ཐད་གྲོས་འགོ་བཏོན་གནང་བ་རེད།
ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་ཀུན་བཟང་སྙིང་པོས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས། བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་ལྐོག་གཡོར་ངོ་རྒོལ་བྱེད་པ། བློ་བརྟན་འགྱུར་མེད་ངང“ཚད་གཞི་བཞི”ལག་བསྟར་བྱེད་པ་སོགས་ཀྱི་ཐད་གྲོས་འགོ་བཏོན་གནང་བ་རེད།
ཀྲུང་གུང་རིགས་ཁོངས་ཀྱི་ཨུ་ཡོན་འཆི་མེད་ཚེ་རིང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་དམིགས་ནས། བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
དམིགས་བསལ་གདན་ཞུས་རིགས་ཁོངས་ཀྱི་ཨུ་ཡོན་རྡོ་རྗེ་དགྲ་འདུལ་གྱིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ཤུགས་རྒྱག་ས་གཙོ་བོ་ཞིག་ལ་བརྩི་བར་དམིགས་ནས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི”རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི”འགན་སྒྲུབ་སྤུས་རྟགས་གཏོད་པ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི”འགག་རྩའི་སྟོབས་ཤུགས་ཡག་པོ་སྤྱོད་པ་སོགས་ཀྱི་ཐད་གྲོས་འགོ་བཏོན་གནང་བ་རེད།