དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-05

    ཚེས་4ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་ཚོགས་ཆུང་ཁག་བགོས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན། རང་སྐྱོང་ལྗོངས་ཀྱི་2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2022ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་བཅས་ལ་གྲོས་ཞིབ་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་སོགས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ་རེད།

    ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ། ཕུགས་འདུན་གླེང་བ་བཅས་འཐུས་མི་ཚོགས་པ་ཁག་གི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་བྱ་ཡུལ་དུ་ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་བསྣམས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་གནང་བ་རེད།

    འཐུས་མི་ཚོས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་བ་དེ་ནི་དངོས་ཐོག་བདེན་འཚོལ་དང་། ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ་ཞིག་ཡིན་པ་དང་། 2022ལོའི་ལས་དོན་ལ་བཀོད་སྒྲིག་བྱས་པ་དེ་ནི་གཙོ་གནད་མངོན་གསལ་དོད་པ་དང་བྱེད་ཐབས་ནུས་ལྡན་ཞིག་ཡོད། སྙན་སྒྲོན་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ལ་ཁྱབ་པ་དེ་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་གང་ལེགས་མཚོན་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།

    འཐུས་མི་ཚོས། 2022ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགོ་ཚུགས་ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་འཚོགས་བྱེད་པའི་ལོ་ཞིག་ཀྱང་ཡིན་པས་དེའི་མཚམས་ཚིགས་འགག་རྩ་ཆེ་བ་དང་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་གྱི་ཐུགས་ཁུར་གཟབ་བཞེས་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་རམ་དང་འདེགས་སྐྱོར་དང་བརྩེ་བ་ཟབ་མོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་སྟོབས་བརྩོན་གྱི་བློ་སྤོབས་ཆེན་པོ་བཅས་ལྡན་ཡོད་པས། ངེས་པར་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་གོ་སྐབས་དམ་འཛིན་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ལག་བསྟར་དོན་འཁྱོལ་བཅས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།