ཚེས་3ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཞིང་ལས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས། སྲིད་གྲོས་ཨུ་ཡོན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་པ་རེད།
ཚོགས་རའི་རྣམ་པ་འཁྲུག་ཆ་དོད་ཅིང་། ཨུ་ཡོན་དབང་འདུས་དང་། ཉོག་ཆུང་ཆུང་། ངག་གྲུབ། བཀྲ་ཤིས་བསམ་གྲུབ། གཡང་ལགས་སོགས་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། སློབ་ཆེན་སློབ་མའི་ལས་ཞུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ས་བབ་མཐོ་བའི་གནས་སྤོ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་སོགས་ལ་དམིགས་ཏེ་གཏམ་བཤད་ལྷུག་པོར་གནང་བ་དང་འབྲེལ། ཐབས་འདོན་ཇུས་འབུལ་ཡང་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཟིན་བྲིས་ཞིབ་ཚགས་བཀོད་གནང་བ་མ་ཟད། སྐབས་སྐབས་སུ་བཀའ་མོལ་ཡང་ཡང་གནང་སྟེ་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་དང་བཀའ་མོལ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས། ང་ཚོས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་མུ་མཐུད་འབད་བརྩོན་བྱས་ཏེ། དེའི་ནང་གི་ནང་དོན་གཙོ་བོ་དང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དུ་ཧུར་ཐག་གཏོད་པར་མུ་མཐུད་འབད་བརྩོན་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལ་དམ་པོར་གཞིགས་ནས། གཙོ་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ནས་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། དེང་རབས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ། དབུལ་འགོག་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་བྱས་ནས། ཁྲིམས་སྐྱོང་གི་འཁོར་ལམ་དུ་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། འབྲུ་རིགས་ཀྱི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བྱེད་པའི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་སྐུལ་ཁྲིད་ནུས་པར་སྣང་ཆེན་གྱིས་ཞིང་འབྲོག་པའི་བྱང་ཚད་མཐོ་རུ་བཏང་ནས་རྨོ་ཞིང་གི་དམར་ཐིག་མཐའ་གཅིག་ཏུ་སྲུང་དགོས་པ། ཞིང་འབྲོག་པའི་འབབ་འཕར་ཐད་མུ་མཐུད་འབད་བརྩོན་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་ལ་དེ་བས་འགན་ལེན་ཡོད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཞུགས་ཡོད་པ་རེད།
ཚེས་3ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་མི་རིགས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ནས། སྲིད་གྲོས་ཨུ་ཡོན་ལ་བྱམས་བརྩེའི་ངང་གཟིགས་པ་དང་ཚང་མ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གྲོས་བསྡུར་གནང་བ་རེད།
གྲོས་བསྡུར་གནང་སྐབས། ཐུབ་དགའ་དང་། ཡ་གུ། ཉང་ཉི་རྫ་དམར། འཆི་མེད། ང་ཕོད་དབྱངས་ཅན་དཔལ་མོ་སོགས་ཨུ་ཡོན་བཅུ་ལྷག་ཙམ་གྱིས་གང་བསམ་ལྷུག་གླེང་དང་ཐབས་དང་ཇུས་ཧུར་ཐག་བཏོན་གནང་བ་རེད། ཡན་ཅིན་ཧའེ་ཡིས་ནན་ཏན་ངང་གསན་པ་དང་ཟིན་ཐོ་ཞིབ་ཕྲ་བཀོད་དེ་ལན་བསྐྱོན་པ་རེད། ཁོང་གིས་ཚང་མའི་གཏམ་བཤད་ཉན་རྗེས། བློ་སྒོ་ཆེན་པོ་ཕྱེ་བྱུང་། ང་ཚོས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱེད་རྒྱུ་ཡིན་པས། ཚང་མས་མུ་མཐུད་སྲིད་གཞུང་གི་ལས་དོན་ལ་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་ནས་ང་ཚོར་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་རོགས་རམ་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མུ་མཐུད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་བྱ་རུང་བའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ། ཕྱོགས་ཁག་གི་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། མུ་མཐུད་ནས་སྣེ་ཁྲིད་དེ་མིག་དཔེ་སྟོན་དགོས་པ་དང་། སྣེ་ཁྲིད་དེ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་དོན་སྒྲུབ་པ། སྣེ་ཁྲིད་དེ་རང་སར་གཞན་འཇོག་དང་སྙིང་གཏམ་ཤོད་རེས་ཀྱི་ལས་དོན་སྒྲུབ་པ། སྣེ་ཁྲིད་དེ་སྤུན་ཟླ་ལྟར་བརྩེ་བ་དང་ལྟ་རེས་སྐྱོང་རེས་ཀྱི་ལས་དོན་སྒྲུབ་པ་བཅས་བྱེད་དགོས། མུ་མཐུད་དེ་ཇུས་འདོན་བློ་འདྲི་དང་། འཐབ་ཇུས་ཀྱི་རང་བཞིན་དང་། རྒྱང་མཐོང་གི་རང་བཞིན། སྤྱི་ཁོག་གི་རང་བཞིན། ཐབས་ཇུས་ཀྱི་རང་བཞིན་བཅས་ཀྱི་ཞིབ་འཇུག་མང་ཙམ་བྱེད་པ། སྲིད་ཇུས་ལ་འགྲེལ་བཤད་དང་དོགས་སེལ་གྱི་ལས་དོན་མང་ཙམ་སྒྲུབ་པ། ཉེན་ཁ་འགོག་ཟོན་དང་འགྲན་སློང་སེལ་བའི་ཐབས་ཇུས་བཟང་པོ་མང་ཙམ་འདོན་པ་བཅས་བྱས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་དང་པད་མ་དབང་འདུས་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ་རེད།
ཚེས་3ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་ཀྲུང་གུང་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ་རེད།
གྲོས་བསྡུར་གནང་རིང་ལྷག་པ་ཚེ་རིང་དང་། ཡུས་ཡུན་ཀུའེ། བསྟན་འཛིན། སྐལ་བཟང་ཚེ་བརྟན་སོགས་ཨུ་ཡོན་ཚོས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་གྲོས་འགོའི་ལས་དོན་གྱི་གནས་ཚུལ་སྙན་སྒྲོན་ལ་དམིགས་ཏེ། གཏམ་བཤད་ཧུར་ཐག་སྤེལ་བ་དང་གྲོས་བསྡུར་འཁྲུག་པོ་གནང་བ་རེད། ཀྲོང་ཡན་གྱིས་གསན་གྱིན་ཟིན་བྲིས་བསྐྱོན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་ཞིང་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཀྲོང་ཡན་གྱིས་ཀྲུང་གུང་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་སྲིད་གྲོས་ཨུ་ཡོན་གྱི་གཟི་བརྗིད་ལ་གཅེས་སྤྲས་ཆེན་པོ་བྱས་ཏེ་འཐབ་ས་དང་པོའི་འདུ་ཤེས་དང་། རྐང་འཛིན་གྱི་འདུ་ཤེས། འདྲ་མཉམ་གྲོས་མོལ་གྱི་འདུ་ཤེས་བཅས་འཛུགས་པ་དང་། གུང་ཁྲན་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཏན་ཏིག་བཏོན་ནས། སྲིད་གྲོས་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་གི་འགན་འཁྲི་གལ་ཆེན་ཡག་པོ་འཁུར་དགོས། དམ་པ་དོན་གཉེར་གྱིས་འགན་འཁུར་ཕོད་པར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཐོག་གཅིག་གྱུར་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་བ་འགན་འཁྲི་ལག་ལེན་བསྟར་བའི་ལྟེ་བའི་ལས་འགན་ལ་བརྩི་བ། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་འཁུར་བའི་སྙིང་སྟོབས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ལས་འགན་ཨང་དང་པོར་བརྩི་བ། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བརྩི་བ། ཆོས་ལུགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་ནས་ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་ཧུར་ཐག་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།