དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-03

    2021ལོའི་ཟླ་12ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ནས་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྤེལ་ཚུལ་གསན་པ། རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་གསར་འཆར་འགོད་ལ་ཞིབ་འཇུག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་མཛུབ་སྟོན་གལ་ཆེན་གནང་སྟེ། ང་ཚོར་2022ལོའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་དངོས་འབྲེལ་ཤུགས་ཆེར་བཏང་ནས་ཆོད་སེམས་དེ་བས་ཆེ་བ་དང་། དམིགས་ཚད་དེ་བས་ཁ་གསལ་བ། བྱེད་ཐབས་དེ་བས་ནུས་ལྡན་བཅས་ཀྱི་ཐོག་ནས་ཞིང་འབྲོག་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་། ཞིང་འབྲོག་ཁུལ་ཕྱོགས་ཡོངས་ནས་ཡར་རྒྱས། ཞིང་འབྲོག་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་ལས་ལ་སྣང་ཆེན་དང་འབྲུ་རིགས་ལ་དམ་འཛིན་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ་དང་། སོན་བཟང་གི་ལག་རྩལ་འགག་གནད་ལས་སྒྲོལ་ཐབས་ལ་ཤུགས་སྣོན། བཟའ་བཏུང་འཕྲོ་བརླག་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲི་དོན་འཁྱོལ་ནན་པོ་དང་རྨོ་ཞིང་དང་རྩྭ་རའི་དམར་ཐིག་ནན་པོ་བསྲུངས་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱས་ནས། “མི་འདོར་བ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་སྟབས་བསྟུན་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱས་ནས་གྲོང་གསེབ་བཅོས་སྐྱོང་གི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་བཅོས་སྐྱོང་གི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས།

    ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས། ལས་བྱེད་པ་རྒན་གྲས་ལ་བརྩི་འཇོག་དང་། ལས་བྱེད་པ་རྒན་གྲས་ལ་སློབ་སྦྱོང་། ལས་བྱེད་པ་རྒན་གྲས་ལ་གཅེས་སྐྱོང་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱེད་པ་རྒན་གྲས་ཀྱིས་སེམས་གཏིང་ནས་ཚོར་བར་བྱེད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་སློབ་མཁན་ཡོད་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སེམས་པ་སྐྱིད་པ། རྒས་དུས་ལས་རྒྱུ་ཡོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་པར་འབད་བརྩོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2021ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་གཙང་སྒྲུབ་དང་འཁུར་ལེན་ལས་སྒྲུབ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་ནུས་ལྡན་བྱེད་པར་སྐུལ་འདེད། སྤྱི་ཚོགས་སྤྱི་ཡོངས་ཀྱི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། རང་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཆར་འགོད་ལས་དོན་ཡག་པོ་སྒྲུབ་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་དང་། མི་དམངས་རྩ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དམངས་འཚོ་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་བཙུགས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། མིག་སྔར་གཞི་ཚུགས་པ་དང་འབྱུང་འགྱུར་ལ་དམིགས་པ། འཆར་མང་གཅིག་སྒྲིལ། སླད་ཕྱིན་ལོ་ལྔའི་རིང་གི་གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་ཀྱི་སྤྱིའི་ཁ་ཕྱོགས་འཆར་འགོད་ཡག་པོ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། སྲིད་ཇུས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་ཞིང་ལེ་ལག་ཚང་བའི་འཆར་འགོད་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་འཚམ་པ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལམ་དུ་བསྐྱོད་དེ་བྱེད་པོའི་ནུས་པ་མངོན་གསལ་དོད་པ་དང་། ལེགས་ཆ་གསབ་རེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ས་ཁོངས་འཕེལ་རྒྱས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་བར་མཐོངས་ཀྱི་བཀོད་པ་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།