དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-03

    ཟླ་12ཚེས་30ཉིན་གྱི་ཕྱི་དྲོ། ལྗོངས་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་རྒྱལ་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ལས་དོན་དང་ཞིང་པ་ལས་མིའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སླར་ཡང་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་རྣམ་གཉིས་ཀྱིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་ནང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་རྩ་བཅོས་བྱ་རྒྱུ་དེ་རྒྱ་ཆེའི་ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པ། ཏང་གི་སྲིད་འཛིན་རྨང་གཞི་དང་འབྲེལ་བ་ཡོད་པ་བཅས་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཞིང་པ་ལས་མིའི་གླ་ཆ་འགན་ལེན་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གཙང་སྤྲོད་བྱེད་པའི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་པ། དཀའ་ངལ་འཕྲད་དུས་རོགས་རམ་བྱེད་པའི་ལས་ཀ་མང་ཙམ་བསྒྲུབས་ནས་ཞིང་པ་ལས་མིའི་གླ་ཆའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལང་བ་དང་། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོར་འཛུགས་པ། མཐའ་ཚད་ཀྱི་བསམ་ཕྱོགས་ལ་ཤུགས་སྣོན། འགན་སྲུང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཚན་མཉམ་འགུལ་གཏིང་ཟབ། འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བརྩིས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་རྩ་བཅོས་བྱེད་པའི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་། ཞིང་པ་ལས་མིས་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་གཏན་ནས་འགྱངས་ཆད་བྱ་མི་རུང་བར་རྒྱ་ཆེའི་ཞིང་པ་ལས་མིར་གླ་ཆ་དུས་ཐོག་དང་དངུལ་གྲངས་ཚང་བའི་འགན་ལེན་བྱས་ཏེ། རྒྱ་ཆེའི་ཞིང་པ་ལས་མིར་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་བཅུག་ནས། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་ཡོད།

    ཡན་ཅིན་ཧའེ་ཡིས་མཆན་བཀོད་མཛུབ་སྟོན་ནང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ལས་དོན་ལ་དོ་སྣང་བྱེད་ཚད་མཐོ་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བས། དྲང་གཞག་དྲང་བདེན་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད། ལོ་མཇུག་དང་ལོ་འགོ་ནི་རིགས་ཁག་གི་ལས་གྲྭའི་རྣམ་གྲངས་ཀྱི་མ་དངུལ་བསྡོམས་རྩིས་རྒྱག་པའི་དུས་ཚོད་རེད་ལ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་མང་ཤོས་ཐོན་པའི་དུས་ཀྱང་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཚོན་ཚུལ་ཞིབ་ཕྲ་ལ་བརྩི་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་ལྟར། ད་ཐེངས་ཀྱི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་གོ་སྐབས་སུ་བྱེད་པ་དང་ཨར་ལས་འཛུགས་སྐྲུན་ཁྱབ་ཁོངས་གཙོ་གནད་དུ་བྱས་ཏེ། ཞིང་པ་ལས་མིར་བརྩེ་དུང་ཟབ་མོ་བཅངས་ནས་གནད་སྨིན་གྲལ་བཤེར་དང་རྩིས་ཁྲ་བཟོ་བ་དང་། གནད་སྨིན་ཇུས་འདོན་དང་གྱོད་གཞིའི་འགན་འཁྲི་མི་ཐོག་ཏུ་དཀྲི་བ། གནད་སྨིན་ཐག་གཅོད་དང་རིམ་པ་བཞིན་འགྱངས་ཆད་དངུལ་གཙང་སྤྲོད། གནད་སྨིན་ངང་འགན་འཁྲི་བདའ་འདེད་དང་ཆད་གཅོད་ནན་པོ། ཟུར་བལྟས་ལེབ་མཐོང་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་ཞིང་པ་ལས་མིར་ངལ་རྩོལ་གྱི་ཐོབ་ཆ་ཡོད་པ་དང་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བའི་ལས་འགན་སྒྲུབ་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པ་དང་། འགལ་ཟླ་དང་གནད་དོན་བསལ་ནས་རྒྱ་ཆེའི་ཞིང་པ་ལས་མིར་ངལ་རྩོལ་གྱི་ཐོབ་ཆ་ཡོད་པར་བྱེད་དགོས། ཁྲིམས་འགལ་ལ་ཆད་པ་ནན་པོ་བཅད་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ། རྒྱ་ཆེའི་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ནན་པོ་བྱས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཏེ“རིམ་དབྱེའི་འགན་འཁུར་དང་། ལས་རིགས་ཀྱི་ལྟ་འདོམས། ཁོངས་གཏོགས་ཀྱིས་དོ་དམ”བཅས་ཀྱི་རྩ་དོན་ལྟར་ཁྱོན་ཡོངས་ནས་འགན་འཁྲི་ནན་པོ་དཀྲི་དགོས། མངོན་ཞིབ་ལྐོག་འདྲི་དང་ས་གནས་ས་ཐོག་ཏུ་ལྟ་འདོམས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དུས་བཀག་ལྟར་བཀོད་གཏོང་དང་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱས་ནས། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཉེན་ཁ་ཚོད་སྐོར་དང་སྔོན་ཇུས་བཟོ་བར་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གླེང་ཕྱོགས་ལ་དུས་ཐོག་ཏུ་ལན་བཏབ་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བརྟན་པོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་དང“དུས་ཆེན་གསུམ”ལ་ཞི་མཐུན་ལྡན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་ཐུབ་པར་བྱེད་པ་དང་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།