དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-31

    93d9fe83-2aa6-4945-9092-710a8dbd2d3b.jpg.jpg

    ཚེས་28ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཚོགས་འདུར་ཞུགས་མཁན་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ།

     ཚེས་28ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”ལྗོངས་ཡོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་སྐོར་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བཀྲ་ཤིས་རྒྱལ་མཚན། ཀུན་བཟང་དབང་འདུས། ཟླ་བ་ཚེ་རིང་། རྟ་ཐོག་བློ་བཟང་ཡེ་ཤེས། རྗེ་དྲུང་བསྟན་པའི་རྒྱལ་མཚན། རྣམ་རྒྱལ་དབང་ཕྱུག བློ་བཟང་བསམ་གཏན་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་ཞིང་། ཚང་མས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་པའི་ཕན་འབྲས་དང་མྱོང་ཚོར་ལྷུག་པོར་གླེང་ནས། ཆོས་ལུགས་ལས་རིགས་མི་སྣས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ཀྱི་གཙོ་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལ་མཐའ་གཅིག་ཏུ་བརྩི་བཀུར། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། “མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་གང་ལེགས་མཚོན་པར་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་རྒྱ་ཆེའི་གྲྭ་བཙུན་ཚོས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་རྒྱ་ཆེའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་གྱི་ཐུན་མོང་འབད་བརྩོན་འོག་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏན་ཏིག་དང་། སྐུལ་འདེད་བརྟན་པོ། གསོན་ཉམས་དོད་པ་བཅས་བྱུང་བ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་སྤྱད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་ལག་ལེན་ནས་ར་འཕྲོད་ཐུབ་ཡོད་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་རྒྱུན་མཐུད་ངང་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་ཡག་པོ་ཇི་ལྟར་སྒྲུབ་པ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ཅིང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་ལས་དོན་གྱི་བླང་བྱར་རྒྱས་བཤད་གཏིང་ཟབ་གནང་སྟེ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་བླངས་ཏེ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཐད་བློས་འཁེལ་བར་བྱས་ནས་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གྲྭ་པ་ཡག་པོ་ཞིག་བྱེད་དགོས། ཏང་དང་མི་དམངས་ཀྱི་གཙོ་འཛིན་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་བ་དང་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡང་མེད་པར་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་གང་ཅིའི་ཐད་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གཏིང་ཟབ་ཚོར་བར་བྱས་ཏེ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་སེམས་ལ་ཟུག་པར་བྱེད་དགོས། དགེ་འདུན་པའི་དོན་ཆེན་ནི་རྒྱལ་ཆེད་དམངས་ཆེད་ཡིན་པ་དང་། ནང་བསྟན་སྦྱོང་སྐབས་རྒྱལ་གཅེས་རྒྱལ་དར་བསམ་པ། སྒོམ་སྒྲུབ་བྱེད་སྐབས་འགྲོ་དོན་དོན་གཉེར་བརྗེད་མི་རུང་། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱས་ནས་དུས་རྟག་ཏུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་སྟེ། རྒྱལ་ཁབ་དཔལ་གྱིས་རྒྱན་པ་དང་རྒྱལ་སྐྱོང་འགྲོ་ཕན་ལ་བརྟེན་ནས་སེར་སྐྱ་མང་ཚོགས་ཚོས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་དེ་བས་ནུས་ལྡན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། དེ་བཞིན་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་ལ་སློབ་སྦྱོང་དང་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། “མོས་སེམས་ལྔ”ཟབ་ཏུ་གཏོང་བ། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བཙུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ཐད་ཐོས་བསམ་ཟབ་མོ་ཡོང་བར་བྱས་ནས། ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས། ནང་བསྟན་བསྟན་བཅོས་ལ་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་དང་། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ཁོང་དུ་ཆུད་པ། ཆོས་ལུགས་ཀྱི་བློ་སྦྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐོས་བསམ་སྒོམ་གསུམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ཆབ་སྲིད་དང་། ལོ་རྒྱུས། དཔལ་འབྱོར། རིག་གནས། ཚན་རྩལ་སོགས་དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་རྒྱ་ཁྱབ་སྦྱོང་དགོས། ཆོས་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་སྤྱིར་བཏང་ཆོས་ཉིད་ཁོང་དུ་ཆུད་པ་དང་བརྩི་བཀུར་ཞུ་བ་དང་། རང་འགུལ་ངང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པར་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས། དད་ལྡན་མང་ཚོགས་ལ་གོམས་སྲོལ་སྒྱུར་བ་དང་ཆོས་ལུགས་ཐད་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པར་ཁྲིད་སྟོན་བྱས་ནས། མི་དམངས་རྣམས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ལམ་ཐད་དམངས་མགུ་པོ་ཡོང་བར་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་དང་འགྲོ་དོན་དོན་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་དང་། “འདུལ་ཁྲིམས”ལས“རྒྱལ་ཁྲིམས”ཆེ་བའི་འདུ་ཤེས་བརྟན་པོར་འཛུགས་པ། རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ། བསམ་སྦྱོར་བཟང་པོ་མཐའ་འཁྱོངས་བཅས་བྱས་ཏེ། ཆོས་ལུགས་ཤེས་པ་མ་ཟད། སྲིད་ཇུས་དང་བཅའ་ཁྲིམས་ཀྱང་ཤེས་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དར་སྲོལ་གསར་པ་ལག་བསྟར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དཔེ་ཆ་སྦྱོང་བ་དང་བསྟན་པ་དར་བའི་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱེད་དགོས། འདུལ་ཁྲིམས་དང་སྡོམ་ཁྲིམས་ནན་པོ་སྲུང་བ་དང་འདོད་ཆུང་ཆོག་ཤེས་དང་ཁེ་གྲགས་མི་གཉེར་བའི་རང་གཤིས་རྒྱུན་འཁྱོངས་དང་། ཚུལ་ཁྲིམས་རྣམ་དག་གི་སྲོལ་རྒྱུན་མཐའ་འཁྱོངས་བྱས་ནས་འདུལ་ཁྲིམས་ལ་བརྟེན་ནས་ཕྱི་ཚུལ་ནན་སྡོམ་དང་སྤྱོད་ལམ་ཚད་ལྡན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགག་རྩའི་དུས་སུ་ནུས་པ་ཐོན་པར་བྱས་ནས་ལངས་ཕྱོགས་བརྟན་པོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱེད་རིང་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་དད་ལྡན་མང་ཚོགས་ཚོས་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རིང་ལེགས་སྐྱེས་ཧུར་ཐག་ཕུལ་ནས་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་དགོས་མཁོ་དང་འཚམ་པ་དང་། དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འཚམ་པ་བཅས་ཀྱི་བསྟན་དོན་འདུལ་ཁྲིམས་ཀྱི་ནང་དོན་སྔོག་འདོན་གང་ལེགས་བྱས་ཏེ། དྲང་ཕྱོགས་ནས་འགྲེལ་བཤད་ཡག་པོ་བརྒྱབ་སྟེ“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    ཝང་ཅུན་ཀྲེང་གིས་བསྟན་དོན། ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ལ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་ནི་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་རྨང་གཞིའི་ལས་དོན་ཞིག་ཡིན་པས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། རྒྱལ་ཁབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་དང་མཉམ་འདྲེས་བྱེད་དགོས། སྤྱི་དམངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཆོས་ལུགས་ལས་རྒྱལ་ཁབ་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་ཆེ་བ། ཆོས་འབངས་ལས་སྤྱི་དམངས་ཆེ་བ་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོར་འཛུགས་དགོས། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཆོས་ལུགས་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་ནི་དུས་རབས་གསར་པར་ཏང་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་ཐུགས་ཁུར་བྱེད་པ། ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བཅས་ལ་གཞོལ་དགོས། ཆོས་ལུགས་ལས་རིགས་མི་སྣ་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་གཅིག་སེམས་གཅིག་གཏད་དང་། ཁྲེལ་གྲགས་མཉམ་འཁུར། བློ་སེམས་གཅིག་མཐུན། བྱ་སྤྱོད་གཅིག་མཐུན་བཅས་ཡོང་བར་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་ལེའུ་མཉམ་དུ་རྩོམ་དགོས།

    བློ་བཟང་རྒྱལ་མཚན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་རྒྱལ་ཁའི་ངང་གྲོལ་ནས་ཡུན་རིང་མ་སོང་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་ལས་བློ་མཐུན་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད། རིམ་པ་ཁག་དང་ཚན་པ་ཁག་ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་དང་ཆོས་ལུགས་ལས་རིགས་ཀྱིས་བསམ་བློ་གཅིག་གྱུར་གྱིས་དོན་འཁྱོལ་ལ་དམ་འཛིན་དང་། དུས་བསྟུན་མདུན་སྐྱོད་ཀྱིས་དོན་འཁྱོལ་ལ་དམ་འཛིན། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཡོང་བ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་ཐུབ་པར་བྱས་ཏེ། རང་ལྗོངས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་ཁོར་ཡུག་བཟང་པོ་བཏོད་ནས། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

    གནམ་ལོ་གསར་ཚེས་འཆར་ཉེའི་སྐབས་སུ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་ཚོར་ལོ་གསར་གྱི་རྟེན་འབྲེལ་ཞུས་ཤིང་། ཚོགས་ཁང་གི་སྒོ་འགྲམ་དུ་ཝང་ཅུན་ཀྲེང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་ནས་ཁོང་རྣམས་སྐུ་གཟུགས་གསལ་ཐང་དང་། ཐོས་བསམ་ཟབ་པ། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།