དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-30

    1484461_yis_1640793600000_s.jpg

    ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ཀྱི་རྩ་འཛུགས་ལས་དོན་གྱི་གྲངས་འཛིན་ཅན་གྱི་འགྲེམས་ཁང་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་དང་ཡིག་ཚགས་རིག་ནུས་མཛོད། དྲ་ཐོག་ཡིག་ཚགས་ལྟ་བཤེར། ཡིག་ཚགས་ལེགས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་དང་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

    ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་ཆགས་པར་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལས་ཁུངས་ཀྱི་ཏང་ཡོན་བྱེད་སྒོ་ཁང་དང་། ཁ་གཏད་རོགས་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྲུའུ་དང་པོ། ལས་བྱེད་པའི་ཡིག་ཚགས་གྲངས་འཛིན་ཅན་དང་རིག་ནུས་ཡིག་ཚགས་ཁང་སོགས་སྡེ་ཚན་དུ། ཝང་ཅུན་ཀྲེང་གིས་བོད་ཀྱི་རྩ་འཛུགས་ལས་དོན་གྱི་གྲངས་འཛིན་ཅན་གྱི་འགྲེམས་ཁང་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་དང་ཡིག་ཚགས་རིག་ནུས་མཛོད།  དྲ་ཐོག་ཡིག་ཚགས་ལྟ་བཤེར། ཡིག་ཚགས་ལེགས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་། རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས། ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་བཅས་གནང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་འཐབ་ཕྱོགས་སུ་འབད་འཐབ་བྱེད་མཁན་ལས་བྱེད་ལས་བཟོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྩ་འཛུགས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ། སྣེ་ཁྲིད་དེ་ཏང་འཛུགས་སྐྱོང་དང་། རྩ་འཛུགས་ལས་དོན། བོད་ཀྱི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། “མིག་དཔེ་དྲུག”འདོན་ཐུབ་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། ཉམས་མྱོང་ཕྱོགས་སྡོམ་དང་། བསླབ་བྱ་དང་ལེན། གྲུབ་འབྲས་བརྟན་གཏོང་། ཆུ་ཚད་མཐོར་གཏོང་། ཞན་ཆ་སེལ་བ་བཅས་བྱས་ཏེ་རྩ་འཛུགས་ཀྱི་མི་དོན་ལས་ཀ་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། ཏང་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་མཁན་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱ་རྒྱུར་དམ་པོར་དམིགས་ཏེ། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་ཞིག་ཧུར་ཐག་ཆགས་པར་བྱེད་དགོས། དུས་སྐབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་མཐའ་འཁྱོངས་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་བྱ་གཞག་གི་ཆེད་དུ་མི་འདེམས་རྒྱུ་མཐའ་འཁྱོངས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བའི་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་བརྟན་པོ་འཛུགས་པ་བཅས་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ་དང་ནུས་པ་གང་ཡོད་འདོན་པ་དང་འཇོན་ཐང་གང་ཡོད་སྤྱད་དེ་ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་རྒྱུར་ལྕག་སྐུལ་བྱེད་དགོས་པ། ཆ་རྐྱེན་ཡག་པོ་བསྐྲུན་ཏེ་གཞི་རིམ་ལ་སྣང་ཆེན་དང་། ལག་ལེན་ལ་སྣང་ཆེན། དངོས་སྒྲུབ་ལ་སྣང་ཆེན། གྲུབ་འབྲས་དངོས་ལ་སྣང་ཆེན། འགན་འཁུར་རྒྱུར་སྣང་ཆེན་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་ཤེས་ལྡན་མི་སྣར་བརྩི་མཐོང་དང་། ཤེས་ལྡན་མི་སྣར་གཅེས་སྐྱོང་། ཤེས་ལྡན་མི་སྣར་མཐོང་ཆེན་བཅས་བྱེད་པའི་རྣམ་པ་བཟང་པོ་བཏོད་དེ་ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ། མི་འདེམས་མི་སྤྱོད་ཀྱི་མཐོང་རྒྱ་དང་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ། ད་ཡོད་ཀྱི་ཤེས་ལྡན་མི་སྣ་དང་བོད་སྐྱོར་ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་བྱེད་པ་དང་། དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཏེ། ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་བ་འབུར་དུ་ཐོན་རྒྱུའི་ཡིད་དབང་འགུག་དགོས། ཉམས་མྱོང་ནི་ལག་ལེན་ལས་བྱུང་བ་དང་འཇོན་ཐང་ནི་སྦྱོང་བརྡར་ལས་བྱུང་བ་ཞིག་རེད། གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་བཙལ་འཚོལ་དང་། གསོ་སྐྱོང་། སྦྱོང་བརྡར། བཀོལ་སྤྱོད་བཅས་ལ་མཐོང་ཆེན་བྱས་ཏེ། དར་ཆ་གསལ་སྟོན་གྱིས་གྲུབ་འབྲས་དངོས་ཐོབ་མཁན་ལ་གཟེངས་བསྟོད་དང་། འཚོལ་ཞིབ་བྱེད་ཕོད་མཁན་ལ་ལྕག་སྐུལ། སྲིད་དོན་ཐད་ལྷོད་གཡེང་དང་འགན་འཛོལ་ཤོར་མཁན་ཕྱིར་འབུད། ཁྲིམས་འགལ་སྒྲིག་འགལ་ལ་ཆད་གཅོད་བཅས་བྱེད་པ་དང་དཀའ་ལས་རྒྱག་མཁན་ལ་ཐོབ་ཆ་ཡོད་པ་དང་། བྱས་རྗེས་འཇོག་མཁན་ལ་གོ་གནས་ཡོད་པ། འཇོན་ཐང་ཡོད་མཁན་ལ་གོ་གནས་སྤྲོད་པ། ཕུལ་བྱུང་ལས་དོན་པར་གཟིགས་སྐྱོང་བྱེད་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་པ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ནས་བྱས་རྗེས་འཇོག་འདོད་པ་དང་། བྱས་རྗེས་འཇོག་ཐུབ་པ། བྱས་རྗེས་འཇོག་མཁས་པ་བཅས་ཀྱི་ལས་བྱེད་པ་དེ་བས་མང་བ་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་གནས་གལ་ཆེན་ཐོག་འདེམས་བསྐོ་བྱས་ཏེ་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཚང་མར་ངར་ཤུགས་དང་། མདུན་ལམ། རེ་བ་བཅས་ལྡན་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་འཚམ་པར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་། རྒྱ་ཆེའི་ལས་བྱེད་པའི་མིག་དཔེའི་ནུས་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ། ཤེས་ལྡན་མི་སྣའི་རིག་སྟོབས་འདེགས་སྐྱོར་གྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཚེ། གཞི་ནས་རྩ་འཛུགས་ལས་དོན་ལ་ཕན་འབྲས་དང་བྱས་རྗེས་ཐོན་ཐུབ། གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འཐབ་འཛིང་གི་མཁར་རྫོང་བརྟན་པོ་ཞིག་ཏུ་ཏན་ཏིག་སྐྲུན་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ཐད་སེམས་ནང་གདེང་ཚོད་ཡོད་པ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་དེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱིས་སེམས་ཁུར་བྱེད་པ། སྤྱོད་ཡོན་གཉིས་ལ་ལྡན་གྱི་འཇོན་ཐང་ཅན་འཐབ་ས་དང་པོར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། འཇོན་ཐང་ཅན་གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞུང་དྲང་ཚུལ་མཐུན་གྱི་འདུ་ཤེས་བརྟན་པོ་སྲུང་བ་དང་འགན་འཁུར་མཁན་ལ་འགན་ཁུར་ནས་བདམས་ཐོན་བྱུང་བའི་ལས་བྱེད་པ་རྣམས་རྩ་འཛུགས་བློ་བདེ་བ་དང་། མང་ཚོགས་བློ་ཡིད་ཚིམ་པ། ལས་བྱེད་པས་ཁས་ལེན་པ་བཅས་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཡག་པོ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བར་དོ་དམ་བྱེད་པ་དང་། རྒྱུན་གཏན་ནས་དམ་འཛིན་དང་བྱ་བ་ཆུང་ཙག་ནས་དམ་འཛིན་བྱེད་པ། སྒྲིག་ཁྲིམས་དང་། ལམ་ལུགས། སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བསམ་བློའི་སློབ་གསོ་ནན་པོ་དང་། ལས་བྱེད་པར་དོ་དམ་ནན་པོ། སྤྱོད་ཚུལ་གྱི་བླང་བྱ་ནན་པོ། རྩ་འཛུགས་འཛུགས་སྐྱོང་ནན་པོ། ལམ་ལུགས་ལག་བསྟར་ནན་པོ་བཅས་ཏན་ཏིག་ཐུབ་པ་བྱེད་དགོས། དུས་རབས་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡོང་བ་དང་ཏང་ནན་པོས་སྐྱོང་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་རྩ་འཛུགས་ཀྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། མ་ལག་རང་བཞིན་མངོན་གསལ་དོད་པོ་ཡོང་བ་དང་མ་ལག་ཚང་བའི་བསམ་ཕྱོགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ལ་སྐུལ་ཁྲིད་བྱ་རྒྱུར་སྣང་ཆེན་དང་གནད་ཀྱི་ཐོག་ཚད་བརྒལ་ཡོང་རྒྱུར་སྣང་ཆེན་བྱེད་པ། དཔེ་མཚོན་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། གསར་གཏོད་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བསམ་གཞིགས་ཀྱི་གོམས་གཤིས་ལས་སྒྲོལ་ཕོད་པ་དང་། ཐབས་ལམ་ལ་བརྟེན་པ་ལས་སྒྲོལ་ཕོད་པ། གནས་ཚུལ་གསར་པར་ཞིབ་འཇུག ལམ་སྲོལ་གསར་པ་འཚོལ་ཞིབ། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཏན་ཏིག་ངང་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་ཤིག་རྒྱུན་འཁྱོངས་ལྷོད་མེད་ངང་སྐྲུན་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཐད་འབད་བརྩོན་བྱས་ཏེ་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་ཆེ་རུ་གཏོང་དགོས་པ་དང་། ཤེས་བྱ་གསར་བརྗེས་ལ་འབད་བརྩོན་བྱས་ཏེ་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་དགོས། རིག་གནས་འཛུགས་སྐྱོང་ཐད་འབད་བརྩོན་བྱས་ནས་སྣེ་ཁྲིད་དེ“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས། རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྣེ་ཁྲིད་དེ་ལྷག་བསམ་དང་། སྤྱོད་གཙང་། འགན་འཁུར་བཅས་ཐུབ་པར་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པའི་མིག་དཔེ་འདོན་པ། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་སྲིད་བརྩོན་དམངས་ཆེད་ཀྱི་མིག་དཔེ་འདོན་པ། དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པའི་མིག་དཔེ་འདོན་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་འདོན་པ། སྤྱོད་བཟང་རང་བཀུར་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་པ། ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་འདོན་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བ་དང་ཏང་དར་ལ་གཟི་བརྗིད་སྣོན་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལས་དོན་སྙན་སེང་ཞུས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།