དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་བོད་ལྗོངས་ཅུས་ལུང་ཟངས་ལས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2021-12-29

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཚེས་26ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རང་ལྗོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་སེམས་ཤུགས་བརྟན་པོ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝུའེ་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཡན་ཅིན་ཧའེ་དང་བཅས་པས་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་། སྔོ་འགྱུར་ལས་དོན་སྤེལ་ཚུལ། གཏེར་སྙིགས་གསོག་ཡུལ་འཛུགས་སྐྲུན་བྱས་ཚུལ་བཅས་ལ་ཞིབ་པར་གཟིགས་གནང་བ་དང་འབྲེལ་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཡན་ཅིན་ཧའེ་ཡིས་ཅུས་ལུང་ཟངས་ལས་ལ་ལོ་གཅིག་ལྷག་ཙམ་རིང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྐྱེ་ཁམས་ཨང་དང་པོར་འཇོག་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་དང་། བདེ་འཇགས། མཐུན་སྒྲིལ། ཁྲིམས་སྐྱོང་། རིག་ནུས། དམངས་ཕྱུག་བཅས་ཀྱི་གཏེར་རི་འཛུགས་སྐྲུན་ལ་གཞི་ཚུཌ་ནས“ཡུག་གཅིག་གསར་སྤེལ་དང་། ཡུག་གཅིག་བརྟན་ལྷིང་། ཡུག་གཅིག་བཅོས་སྐྱོང་། ཡུག་གཅིག་ལ་ཕན་འབྲས་ཐོན་པ”བཅས་ཀྱི་རྩ་དོན་ལྟར་སྐྱེ་ཁམས་སླར་གསོའི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་སྐྱེ་ཁམས་གཏེར་རིའི་ཚད་ཤིང་དང་དཔེ་སྟོན་ཧུར་ཐག་བྱེད་དགོས་པ་དང་། བདེ་འཇགས་ཀྱི་མཐའ་ཚད་མུ་མཐུད་བརྟན་པོ་བསྲུངས་ནས་བདེ་འཇགས་དང་ཕན་འབྲས་ཆེན་པོ་ཐོན་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་དང་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ནན་པོ་བསྲུངས་ནས་བདེ་འཇགས་ཨང་དང་པོར་འཇོག་པ་དང་། སྔོན་འགོག་གཙོ་བོར་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་དགོས་པ། དམངས་ཕྱུག་ལས་དར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་དང་ཆབས་ཅིག མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག འབྲེལ་ཡོད་ཐིང་དང་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ཁེ་ལས་ཀྱིས་བཏོན་པའི་གནད་དོན་ལ་རེ་རེ་བཞིན་ལན་བཏབ་པ་རེད། ཡན་ཅིན་ཧའེ་ཡིས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་པས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། སེམས་ཤུགས་གཅིག་སྒྲིལ། ནུས་ཤུགས་ཡོད་རྒུ་བཅས་ཀྱིས་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་ཕན་འབྲས་སྔ་ཙམ་ཐོན་པ་བྱས་ནས་ས་གནས་དེ་གར་བདེ་རྩ་བསྐྲུན་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།