དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-27

    c9648a0e-d7af-4021-944b-fe74fd857e24.jpg.jpg

    ཟླ་12ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

    f4f0732f-3691-4bb9-a56c-4c426664dc87.jpg.jpg

    ཟླ་12ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

    ཟླ་12ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། འདི་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ། 2022ལོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། ཚོགས་འདུའི་ཐོག་ཕྱོགས་སྡོམ་ཡང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། ལའེ་ཅའོ། རེན་ཝུའེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་སོགས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་དམིགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་པར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་ལས་བྱུང་བ་ཞིག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཀྱི་ཡང་དག་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་ཡིན་པ་དང་། ཀྲུང་དབྱང་དང་། རྒྱལ་ཁབ་ཀྱི་པུའུ་ཨུད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད་པ། དེའི་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་འདུས་ཡོད།

    ཚོགས་འདུ་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དེ་ཚུགས་གནས་མཐོ་བ་དང་། ཁྱོན་ཡོངས་འཛིན་སྐྱོང་། དགོངས་པ་གཏིང་ཟབ། ལམ་སྣེ་ཡོངས་ཁྲིད། ཁ་ཕྱོགས་གཏན་འཁེལ་བཅས་ཀྱི་གསུང་བཤད་ཅིག་རེད། དེའི་ནང་ཆབ་སྲིད་ཀྱི་མཐོང་རྒྱ་དང་དཔལ་འབྱོར་གྱི་མཐོང་ཟུར་ཆེན་པོས་ད་ལོའི་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། དུས་སང་གི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་གསལ་པོར་བཏོན་གནང་བ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ། ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད་ལ་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་སྟངས་འཛིན་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་གཙོ་རྐང་དུ་བྱེད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། ཞབས་ཞུ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མཉམ་འདྲེས་ཡོང་བར་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ་འཇུག་གཞིར་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འགན་ལེན་དུ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། “དོན་ཆེན་བཞི”དང“འགན་ལེན་བཞི”གཏན་འཁེལ་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། “འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཐོངས་སུ་མཐའ་འཁྱོངས་བྱེད་པ། བརྟན་ཞིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་བདེ་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བརྟན་ཐོག་ལེགས་འཕེལ་གྱི་འཕེལ་རྒྱས་རྣམ་པ་སྲ་བརྟན་དུ་གཏོང་དགོས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ཐོག་མཐའ་བར་གསུམ་དུ་འབད་འཐབ་དམིགས་ཚད་ལ་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མཉམ་སྤྱོད་ཐུབ་པ་བྱེད་དགོས། “དོན་ཆེན་བཞིར”དམ་འཛིན་དང“འགན་ལེན་བཞི”མངོན་འགྱུར་བྱས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་ལ་མུ་མཐུད་ཤུགས་རྒྱག་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། གོམ་པ་རེ་རེ་བཞིན་སྤོས་ནས“གསར་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས་ཤིང་། མ་འཇོག་བརྟན་པོ་བྱ་རྒྱུ་དེ་སང་ལོའི་དཔལ་འབྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་གཞི་གདན་བརྟན་དུ་གཏོང་དགོས། གོང་རིམ་ནས་བརྩོན་ལེན་མང་ཙམ་བྱས་ཏེ་རྒྱལ་ཁབ་ཀྱི་མ་འཇོག་གི་ཁྲིད་སྟོན་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་ཀྱི་མ་འཇོག་དེ་བས་མང་བ་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱེད་དགོས། ཐབས་ལམ་མང་པོར་བརྟེན་ནས་ནུས་ལྡན་གྱི་མ་འཇོག་གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྤུས་ལེགས་མ་འཇོག་སྐྱེད་སྲིང་ཧུར་ཐག་བྱེད་པ། ནུས་ལྡན་གྱི་མཁོ་སྤྲོད་ཆགས་པར་བྱེད་པ། ནུས་ལྡན་གྱི་དགོས་མཁོར་ཡར་སྐུལ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་མ་འཇོག་གི་གྲུབ་ཆ་ལེགས་སུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་པ་ཆ་ཚང་བ་དང་། རིག་ནུས་ཀྱི་ཕན་ནུས་ཆེ་བ། བདེ་འཇགས་ལྡན་ལ་སྟབས་བདེ་བ་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གང་མགྱོགས་བསྐྲུན་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པར་རྣམ་གྲངས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་གཞི་དང་འདེགས་སྐྱོར་རེད། རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག དཔལ་འབྱོར་ནི་ཁྱོན་བཅས་ཡིན་པས། ད་ཆའི་རྣམ་གྲངས་ནི་སླད་ཕྱིན་གྱི་ཐོན་ལས་ཡིན་པ་དང་ད་ཆའི་མ་འཇོག་གྲུབ་ཆ་ནི་སླད་ཕྱིན་གྱི་ཐོན་ལས་གྲུབ་ཆ་ཡིན། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་འཐབ་ཇུས་ཀྱི་མིག་རྒྱང་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚོང་འགུགས་རྣམ་གྲངས་ལ་འཆར་འགོད་བྱ་རྒྱུར་དམ་འཛིན་དང་་། དུས་འགོའི་རྣམ་གྲངས་ལས་འགོ་འཛུགས་རྒྱུར་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་དམ་འཛིན། བསྐྲུན་ཟིན་པའི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུར་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་དག་ཐེར་བྱེད་པར་དམ་འཛིན། ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས་ཀྱི་ཕན་འབྲས་ལ་དམ་འཛིན་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་བྱེད་པ། ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། འདུ་ཤེས་གསར་བརྗེས་དང་། གཙོ་གནད་མངོན་གསལ་དོད་པ། ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་གསར་གཏོད་བཅས་བྱས་ཏེ། ཚོང་འགུགས་མ་འདྲེན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཨང་དང་པོར་བརྩིས་ནས་ཚོང་འགུགས་མ་འདྲེན་ལ་ཚད་བརྒལ་གསར་པ་ཡོང་བ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་སྟེ་བོད་འདི་ཉིད་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐོན་ལས་དང་པོ་བཟང་སྒྲིག་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པའི་སྤུས་ཚད་མཐོར་གཏོང་བཅས་མཐའ་འཁྱོངས་བྱས་ཏེ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ཤིང་། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁུལ་ཁོངས་ཡུལ་སྐོར་ཁྱད་ལྡན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁུལ་ཁོངས་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཡུལ་སྐོར་བའི་བདེ་སྐྱིད་ཚོར་སྣང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་བྱས་ནས། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། “ཚོད་འཛིན་གཉིས”དང“ཐཱན་ཚད་གཉིས”ཀྱི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་པ། “རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ནུས་རྒྱུ་གཙང་མ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་རབས་གསར་པ་གཏོད་འགོ་འཛུགས་དགོས། ལྗང་མདོག་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་དང་། ཚན་རྩལ་སྟོབས་ཆེར་གཏོང་བ། སྤུས་རྟགས་གསར་གཏོད་བཅས་བྱེད་པ། གཏེར་ལས་ལྗང་མདོག་དང་གསར་གཏོད་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། རང་བྱུང་འཐུང་ཆུའི་ཐོན་ལས་སྟོབས་ཆེར་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ཏེ། མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས་པ་དང་ལྗང་མདོག་ཨར་སྐྲུན་རྒྱུ་ཆའི་ཐོན་ལས་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་དང་རིམ་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། དངུལ་རྩའི་ཞབས་ཞུའི་ལས་རིགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཡུལ་སྐོར་དང་བདེ་ཐང་སོགས་ཀྱི་འཛད་སྤྱོད་གཙོ་བོ་སྐྱེད་སྲིང་བྱེད་པ། གུང་གསེང་དཔལ་འབྱོར་དང་། མཚན་མོའི་དཔལ་འབྱོར། ས་ཁྲོམ་དཔལ་འབྱོར་བཅས་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་དགོས། ཁྱད་ལྡན་ཞིང་འབྲོག་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེ་བཅས་མཐའ་འཁྱོངས་བྱེད་པ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་ཁུལ་ཁག་གཅིག་ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་འདེབས་འཛུགས་གསོ་ཚགས་དང་ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། སྤྱི་འདོམས་འཆར་འགོད་དང་། གཅིག་གྱུར་འཛུགས་སྐྲུན། གཅིག་གྱུར་བེད་སྤྱོད་དང་ཉམས་བཟོ། གྲངས་གཞི་མཉམ་སྤྱོད། ལས་སྟེགས་ཕན་ཚུན་སྦྲེལ་མཐུད། ཚད་གཞི་གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ནས་གྲངས་འཛིན་ཐོན་ལས་ཅན་ལ་མཆོང་སྐྱོད་གསར་པ་ཡོང་བ་དང་། གྲངས་འཛིན་བཅོས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ། གྲངས་འཛིན་གྱི་རྨང་གཞིའི་འཛུགས་སྐྲུན་གསར་པར་ཚད་བརྒལ་གསར་པ་ཡོང་བ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མཐའ་མཚམས་ཀྱི་ཚོང་དོན་ཟོག་འགྲེམས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་དྲ་བ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་དང་། ཚོང་དོན་འགྲོ་རྒྱུག་མ་ལག་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཏུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས“དམངས་འཚོའི་འདུ་འགོད་ཆེ་གྲས་བཅུར”སྐུལ་འདེད་གཏོང་དགོས་ཤིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ཏང་ཨུད་དང་སྲིད་གཞུང་གིས་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ། ལས་ཞུགས་ལས་གཏོད་ཀྱི་འདུ་འགོད་དང་། སློབ་གསོ་སྔོན་སྤེལ་གྱི་འདུ་འགོད། རིག་གནས་དམངས་ཕན་གྱི་འདུ་འགོད། བདེ་ཐང་བོད་ལྗོངས་ཀྱི་འདུ་འགོད། སྡོད་ཁང་འགན་སྲུང་གི་འདུ་འགོད། སྤྱི་ཚོགས་འགན་སྲུང་གི་འདུ་འགོད། རྒས་གཅིག་ཆུང་གཅིག་གི་འགན་བཅོལ་འདུ་འགོད། སྤྱི་ཚོགས་རོགས་སྐྱོབ་ཀྱི་འདུ་འགོད། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་འགོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འདུ་འགོད་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་འགྲོ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། དབུལ་ལོག་སྔོན་འགོག་གིས་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། དབུལ་སྐྱོར་ཐོན་ལས་ཀྱི་རིམ་སྤོར་བྱ་སྤྱོད་ལག་བསྟར་བཅས་བྱས་ནས། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་དང་རྨོ་ཞིང་དང་རྩྭ་ཐང་གི་དམར་ཐིག་ནན་པོ་བསྲུངས་ནས་འདེབས་འཛུགས་ལས་རིགས་ཀྱི་རིམ་སྤོར་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། མ་དངུལ་དང་། རྣམ་གྲངས། མི་ཤུགས། དངོས་ཤུགས་བཅས་ཞིང་འབྲོག་ཁུལ་ལ་གཟིགས་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་དེ་ཞིང་འབྲོག་ཁུལ་དུ་འཇོག་པ་བཅས་བྱས་ནས་གྲོང་གསེབ་ཀྱི་འགྲོ་ལམ་ཤར་གཏོང་དང་། ཆུ་མཁོ་འདོན་དང་གློག་ཤུགས་འགན་ལེན། གྲོང་ཚོའི་རྣམ་པ་བཅོས་སྒྲིག ནུས་རྒྱུ་གཙང་མ་འཛུགས་སྐྲུན། གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་ཀྱི་སྤུས་ཚད་མཐོར་གཏོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གྲོང་གསེབ་སྐྱོང་མཁས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་སྲོལ་ཡིག་དང་འཆར་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། གཙང་པོ་དང་ཆུ་བོ་གཙོ་བོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་བརྒྱབ་ནས། གཙོ་གནད་ས་ཁོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་གཙོ་གནད་སྐྱེ་ཁམས་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མཁའ་རླུང་གི་སྤུས་ཚད་རྒྱུན་འཁྱོངས་བྱ་སྤྱོད་དང་འཛེར་སྒྲའི་སྦགས་བཙོག་དང་། ཆུའི་སྦགས་བཙོག ས་རྒྱུའི་སྦགས་བཙོག་བཅས་འགོག་བཅོས་དང་དེ་བཞིན་གྲོང་ཁྱེར་གྱི་ཆུ་སྙིགས་དང་བཙོག་ཆུ་བཅོས་སྐྱོང་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་དགོས། སྐྱེ་ཁམས་དམངས་ཕྱུག་གི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་པ། ནགས་ཁྲོད་ཐོན་ཁུངས་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕྱུག་ཐོན་ལས་གསར་སྤེལ་ལ་རྒྱབ་སྐྱོར་བཅས་བྱས་ནས། སྐྱེ་ཁམས་འཛུགས་སྐྱོང་ཁྲོད་མང་ཚོགས་ཕྱུག་པོའི་ལམ་དུ་བསྐྱོད་ཐུབ་པ་དང་སྐྱེ་ཁམས་ཀྱི་ཡོང་འབབ་གསོག་ཐུབ་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། མཐའ་མཚམས་མི་སེར་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་པ་བཅས་བྱས་ནས། ཁོང་ཚོའི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་ཕྱུག་ཏུ་གཏོང་བ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་ཤིང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་མ་གནས་དམའ་རུ་གཏོང་བ། ཁྲིམས་སྐྱོང་གི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་ཧུར་ཐག་འཛུགས་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་སྲིད་ཇུས་ཀྱི་དཀའ་གནད་དང་། ཞིབ་མཆན་གྱི་འགག་གནད། ལྟ་འདོམས་ཀྱི་ཁུག་གསང་། ཞབས་ཞུའི་འགག་གནད་བཅས་ལ་དམིགས་པ། ཞབས་ཞུ་འགན་ལེན་དང་། ཁྲོམ་རའི་སྔོན་དཔག་བརྟན་པོ། ཁེ་ལས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚོང་གཉེར་ཁོར་ཡུག་གི་ལེགས་ཆར་བརྟེན་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་སྐུལ་འདེད་དང་། མ་འཇོག་རྣམ་གྲངས་འཕར་རྒྱུར་ཁྲིད་སྟོན། དཔལ་འབྱོར་འཁོར་སྐྱོད་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་བཏང་ཁར། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། དམ་པ་དོན་གཉེར་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལས་སྒྲུབ་ལས་གཏོད་ལ་སེམས་ནུས་འདོན་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པར་སེམས་ནུས་འདོན་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་བྱས་པའི་རྗེས་དང་དྲུས་པའི་ཤུལ་གྱི་སྤྱོད་ཚུལ་ཐོག་ནས་ཚོགས་འདུའི་ཐོག་གཏན་ཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་བྱེད་དགོས། ཆབ་སྲིད་ཐད་ནས་དཔལ་འབྱོར་ལས་དོན་སྟངས་འཛིན་བྱེད་པའི་འཇོན་ཐང་དང་། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། ཐབས་ཇུས་འགོད་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་འཇོན་ཐང་། དཔལ་འབྱོར་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་འཇོན་ཐང་། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆེད་ལས་ཅན་གྱི་འཇོན་ཐང་བཅས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་མཁན་བྱང་མ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལྟེ་བར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཐབས་ཇུས་འགོད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན། དོན་འཁྱོལ་ལ་འགན་ལེན་བཅས་སྡེབ་གཅིག་ལ་བཀོད་སྒྲིག་དང་སྡེབ་གཅིག་ལ་སྐུལ་འདེད་བཏང་སྟེ་ལྟ་སྐུལ་ཞིབ་བཤེར་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་“སྤུ་གྲི”ལྟ་བུ་ཞིག་ཏུ་དངོས་སུ་འགྱུར་བར་བྱེད་དགོས། ལམ་སྲོལ་བཟང་པོར་བརྟེན་ནས་ལས་ཀའི་ཕན་འབྲས་འགན་ལེན་བྱེད་པ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བེད་སྤྱོད་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་དངོས་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པ་དང་། སྒྱུར་བཅོས་ཧུར་ཐག་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ། འཚོལ་ཞིབ་བྱེད་ཕོད་མཁན་ལ་སྐུལ་མ་གཏོང་བ། ཆབ་སྲིད་ཀྱི་འགན་འཛོལ་ཤོར་མཁན་ཕྱིར་འབུད། སྒྲིག་འགལ་ཁྲིམས་འགལ་བྱེད་མཁན་ལ་ཆད་པ་གཅོད་པ་བཅས་བྱས་ནས། རྒྱ་ཆེའི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་དཔལ་འབྱོར་དམིགས་ཚད་མངོན་འགྱུར་བྱེད་པར། རྣམ་གྲངས་ཀྱི་སྐུལ་ཁྲིད་ལ་དམ་འཛིན་ནན་པོ་བྱས་ནས་ནུས་ལྡན་གྱི་མ་འཇོག་འགན་ལེན་དང་། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ནས་སྒུལ་ནུས་བསྒྱུར་རྒྱུར་འགན་ལེན། སྒྱུར་བཅོས་གསར་གཏོད་ལ་དམ་འཛིན་ནན་པོ་བྱས་ནས་གསོན་ཤུགས་འཕེལ་བར་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་རྒྱུར་དམ་འཛིན་ནན་པོ་བྱས་ནས་སྲ་བརྟན་དང་འབྲེལ་མཐུད་འགན་ལེན། ལྗང་མདོག་ཕྱོགས་སྒྱུར་ལ་དམ་འཛིན་ནན་པོ་བྱས་ནས་སྐྱེ་ཁམས་བཟང་པོར་འགན་ལེན། མཐའ་མཚམས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་འགན་ལེན། དམངས་འཚོ་ལེགས་གཏོང་ལ་དམ་འཛིན་ནན་པོ་བྱས་ནས་གྲུབ་འབྲས་མཉམ་སྤྱོད་འགན་ལེན། སྤྱོད་ཚུལ་ལེགས་གཏོང་ལ་དམ་འཛིན་ནན་པོ་བྱས་ནས་དོན་འཁྱོལ་འགན་ལེན་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་རིགས་དབྱེ་ཇུས་བསྟར་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཚབས་ཆེན་གྲལ་བཤེར་དང་སེལ་དགོས་ཤིང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། སིམ་འཛུལ་ལ་ངོ་རྒོལ། གཏོར་བཤིག་ལ་ངོ་རྒོལ་བཅས་མཐའ་གཅིག་ཏུ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ཞིབ་ཚགས་ཅན་དང་གནད་སྨིན་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་ཕྱི་ནས་མ་འགོ་བ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་བོད་དུ་ཡོང་སའི་འགག་སྒོ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་གི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། ལས་འཛོལ་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གེགས་འགོག་ཕྱུགས་སྲུང་དང་། དཔྱིད་རྨོད་ཐོན་སྐྱེད་ཀྱི་རྒྱུ་ཆ་གཏོང་འདྲེན་གྲབས་གསོག ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གཏན་འགོག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནུས་རྒྱུ་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་དམངས་འཚོ་འགན་ལེན་ལ་མཐོང་ཆེན་བྱེད་པ། ཐ་སྐྱོང་རང་བཞིན་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་སེར་ཚོ་དྲོ་སོབ་སོབ་ངང་དགུན་སྒྲོལ་དང་སྤྲོ་སྣང་ལྡན་པའི་ངང་དུས་ཆེན་གཏོང་ཐུབ་པའི་འགན་ལེན་་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་གསར་འབྱེད་ཡར་བརྩོན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་བྱས་པ་རེད།

    ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག གྲོང་ཁྱེར་དང་ས་ཁུལ་བདུན། རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད། གྲོང་ཁྱེར་དང་ས་ཁུལ་དང་། རྫོང་དང་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།