དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་སོགས་སྡེ་ཚན་གྱིས་ལས་བྱེད་པའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-22

    ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་སོགས་སྡེ་ཚན་གྱིས་ལས་བྱེད་པའི་ཚོགས་འདུ་འཚོགས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པའི་གོ་གནས་བསྐོ་འཐེན་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ལིའུ་ཅང་གི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་གོ་གནས་ཕྱིར་འཐེན་བྱས་པ་དང་། བློ་མཐུན་ཟླ་བ་ཚེ་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིར་བསྐོ་གཞག་བྱས་པ་རེད།

    ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པའི་གོ་གནས་བསྐོ་འཐེན་གྱི་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་དང་ཟླ་བ་ཚེ་རིང་གིས་རྣམ་འགྱུར་མཚོན་པའི་གསུང་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ད་ཐེངས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་སོགས་ཚན་པ་གསུམ་གྱི་འགན་འཁུར་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་དང་འགྱུར་ལྡོག་གཏོང་བ་ནི་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་ཀའི་སྤྱི་ཡོངས་ནས་འགོ་བརྩམས་ཏེ་ཚན་པ་གསུམ་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚན་པ་གསུམ་གྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོ་གནང་བ་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།

    ལིའུ་ཅང་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་སོགས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་བློ་མཐུན་ཟླ་བ་ཚེ་རིང་གིས་ཚང་མར་མཐུན་སྒྲིལ་དང་གསར་འབྱེད་ཡར་བརྩོན་བྱས་ནས་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཟླ་བ་ཚེ་རིང་གིས་སླད་ཕྱིན་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་ཚེ་སྲོག་ལྟ་བུར་བརྩིས་ནས་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་འགན་འཁུར་ཕོད་པ་བྱ་རྒྱུ་ལས་འགན་ལ་བརྩིས་ནས་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ། ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་འགན་འཁྲི་གཙོ་བོར་བརྩིས་ནས་སྣེ་ཁྲིད་དེ་ལས་སྒོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དེ་ལས་དོན་སྒྲུབ་པའི་འགག་གནད་ལ་བརྩིས་ཏེ་སྣེ་ཁྲིད་དེ་མཐུན་སྒྲིལ་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་བྱ་རྒྱུ་མཐའ་ཚད་ལ་བརྩིས་ནས་སྣེ་ཁྲིད་དེ་རང་གཅུན་སྤྱོད་གཙང་ངང་སྲིད་བསྐྱངས་ནས་བློ་མཐུན་ལིའུ་ཅང་གིས་ཚང་མའི་སྣེ་ཁྲིད་དེ་བཏིང་བའི་རྨང་གཞིའི་ཐོག་རང་འགན་ཐེག་པ་འཁུར་ལེན་ཐུབ་པ་དང་། ལས་དོན་ཧུར་ཐག་བསྒྲུབས་ནས་ལྗོངས་ཏང་ཨུད་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།