ཚེས་16ཉིན་གྱི་ཕྱི་དྲོ། “བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། འཕེལ་རྒྱས་ཀྱི་འཆར་འགོད་གསར་པ”ཞེས་པའི་སྤྲིན་ཚོམ་འཚམས་འདྲིའི་བྱེད་སྒོ་བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་པེ་ཅིང་དང་། ལྷ་ས། ཨུ་རུ་སུའི་མོ་སི་ཁོ་སོགས་སུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་པེ་ཅིང་ཚོགས་རའི་བྱེད་སྒོར་ཞུགས་པ་དང་སྦྲགས་གཙོ་དོན་འོས་སྦྱོར་གནང་བ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཞེ་ཧྥུང་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ལྷ་སའི་ཚོགས་རའི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དང་། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཀྲང་ཧན་ཧུའེ་དང་ཨུ་རུ་སུ་རྒྱལ་ཁབ་ཏུའུ་མཱ་མ་རྩ་དང་ས་ཞིང་དང་རྒྱུ་ནོར་འབྲེལ་བའི་གནད་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཅཱ་ཧྥུའུ་ལི་ལུའོ་ཧྥུའུ་མོ་སི་ཁོའི་ཚོགས་རའི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་ཁྱིམ་མི་གལ་ཆེན་ཞིག་ཡིན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡང་ཡིན། ལོ་ངོ་70ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་དམངས་ཀྱིས་རེ་འདུན་དང་རེ་སྒུག་ཆེན་པོ་བྱེད་པ་ལྟར་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ལམ་ལུགས་འཛུགས་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱས་ནས། གངས་ལྗོངས་ས་མཐོར་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད) ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་ནས་གསུང་བཤད་དང་མཛུབ་ཁྲིད་གལ་ཆེན་ཐེངས་མང་གནང་བ་དང་སྦྲགས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་པའི་ནང་བོད་ཀྱི་དོན་དངོས་དང་འཚམ་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་། འཐབ་ཇུས་བཀོད་སྒྲིག བརྗིད་ཆེའི་འཆར་གཞི་བཅས་བཟོས་ནས། བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད། ད་ཆའི་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་སྐུལ་འདེད་ཏན་ཏིག་ཐེབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཕྱིན་པ། མི་རིགས་ཆོས་ལུགས་ལས་དོན་ཀྱི་ཕན་འབྲས་མངོན་གསལ་དོད་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་འགྲོ་བ་བཅས་བྱུང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་ཀྲུང་གོ་གུང་ཁྲན་ཏང་མཁས་མཛངས་ལྡན་ལ་རླབས་ཆེ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་འཕགས་འགྲན་ཟླ་བྲལ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཧ་ཅང་ཆེ་བ། ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་ཤུགས་རླབས་པོ་ཆེ་བ་བཅས་གང་ལེགས་མངོན་ཡོད།
བློ་བཟང་རྒྱལ་མཚན་གྱིས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་སྐུལ་འདེད་འོག རྒྱལ་ཁབ་གཉིས་དབར་ཐབས་ལམ་སྣ་མང་གི་སྤེལ་རེས་ལས་སྟེགས་བཙུགས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་དང་དེ་བཞིན་ས་གནས་དབར་རིམ་པ་ཁག་གི་མཛའ་གྲོགས་འགྲོ་འོང་དང་སྤེལ་རེས་བྱས་ནས། ཨུ་རུ་སུའི་ལས་རིགས་ཁག་གི་གྲོགས་པོ་ཚོ་ཀྲུང་གོའི་བོད་ལྗོངས་སུ་ཡུལ་སྐོར་དང་། ལྟ་སྐོར། མ་འཇོག ལས་དར་བཅས་བྱེད་པར་ཡོང་ནས་ས་གནས་ས་ཐོག་ཏུ་བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་མྱོང་རོལ་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།