ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཚེས་17ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭར་ཕེབས་ནས་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དུས་ཐེངས་གཉིས་པའི་ཐོག་སྙན་སྒྲོན་ཟུར་ཁྲིད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་གཙོ་སྐྱོང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། “ཀྲུང་གོ་གུང་ཁྲན་ཏང་ནི་གང་ཞིག་ཡིན་པ་དང་གང་ཞིག་སྒྲུབ་དགོས་པའི”རྩ་བའི་གནད་དོན། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་མིག་དཔེ་འདོན་དགོས་པའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་བཅས་ལ་དམ་པོར་དམིགས་ཏེ་ཚང་མར་ནང་དོན་ཕུན་སུམ་ཚོགས་པ་དང་། དོན་སྙིང་ཟབ་པ། ངོ་མཚར་ཆེ་ལ་གསོན་ཉམས་དོད་པ་བཅས་ཀྱི་ཟུར་ཁྲིད་སློབ་ཚན་ཞིག་ཁྲིད་པ་རེད།
ཡན་ཅིན་ཧའེ་ཡིས་ཀྲུང་ཧྭ་མི་རིགས་ཀྱིས་ཏང་གདམ་ག་བྱས་པ་དང་ཏང་གིས་རྒྱུན་མཐུད་འབད་འཐབ་ཀྱི་ལོ་བརྒྱའི་རྒྱང་སྐྱོད་ལམ་བུར་བསྐྱོད་དེ་ཀྲུང་ཧྭ་མི་རིགས་དར་རྒྱས་བཏང་ཡོད། མི་རིགས་བསྐྱར་དར་སྐོར་ལ་བོད་ལ་མྱོང་ཚོར་ཟབ་ཤོས་བྱུང་ཡོད་པ་དང་། བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་ལས་འགན་ལྕི་པོ་བོད་ཀྱི་ཕྲག་ཐོག་ཏུ་བབས་ཡོད། “དོན་ཆེན་བཞིར”དམིགས་པ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པར། བྱ་ཐབས་གལ་ཆེན་དང་། ལས་དོན་གལ་ཆེན། ལས་གྲྭ་གལ་ཆེན་བཅས་ལ་དམ་འཛིན་བྱེད་མཁས་པོ་བྱེད་པ་དང་། ལས་དོན་རྣམ་གྲངས་ཅན་དང་། ཇུས་གཞི་ཅན། གསལ་ཐོ་ཅན་བཅས་སུ་འགྱུར་བ་བྱེད་པ། ལམ་རིས་དང་འཆར་འགོད་རི་མོ་ཨར་ལས་ཀྱི་ནང་དོན་དང་ལས་འགན་ཡི་གེར་འགྱུར་བ་བཅས་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་ཀྱིས་ཏང་སྐྱེད་སྲིང་བྱས་པ་དང་། ཏང་གིས་བློ་གཅིག་སེམས་གཅིག་གི་འགན་འཁྲིའི་བསམ་པའི་ཐོག་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློའི་ཁྲོད་ནས་བོད་ལ་ཕན་པ་ཆེན་པོ་ཐོབ་ཡོད། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པར་བོད་ལ་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་ཡོད། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཁོངས་ཀྱི་གནས་བབ་མཐོ་ཤོས་སུ་བཞག་ནས་བློ་བརྟན་འགྱུར་མེད་ངང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དེ་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ལས་དོན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བདེ་འཇགས་ཐོན་སྐྱེད། གེགས་འགོག་གེགས་སེལ་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་དགོས། དུས་རབས་ཀྱིས་ཏང་ལ་འབོད་སྐུལ་བྱེད་པ་དང་ཏང་གིས་རང་ངོས་གསར་བརྗེས་གཏིང་ཟབ་བྱེད་པར་བརྟེན་ནས་དུས་རབས་ལ་ལན་བཏབ་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་ལ་བོད་ལ་མྱོང་ཚོར་ཆེ་ཤོས་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ཐད་བོད་ཀྱིས་ལས་འགན་ཧུར་ཐག་སྒྲུབ་དགོས། ནམ་ཡང་ཚར་དུས་མེད་པའི་དམ་བཅའ་དང་སྙིང་རུས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།