ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཚེས་14ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི“ཕྱིར་མིག་ལྟ་བའི”ཞིབ་བཤེར་རྩིས་ལེན་གྱི་ཐུག་འཕྲད་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་ཙུའུ་ཀྲང་གཞོན་པ་སུན་རུའེ་པེའོ་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་ཀྲང་ཧུང་པོ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་ཁུངས་དང་སྲིད་ཁྲིམས་ཚན་པ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ལས་དོན་སྙན་སེང་ཞུས་པ་རེད།
ཚོགས་འདུའི་ཐོག་སུན་རུའེ་པེའོ་ཡིས་རང་སྐྱོང་ལྗོངས་ཀྱི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་འབྲེལ་ཡོད་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།
སུན་རུའེ་པེའོ་ཡིས། ད་ཐེངས་ཞིབ་བཤེར་རྩིས་ལེན་བྱེད་སྐབས་གནད་དོན་གྱི་སྟོན་ཕྱོགས་དང་ཕན་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་དུག་རྒྱུན་གྱི་ཤུགས་རྐྱེན་གཙང་སེལ་དང་། གྱོད་གཞིའི་ཁུངས་སྣེ་ཞིབ་གཅོད། ངན་རེངས་བཅོས་སྒྲིག སྒྲིག་སྲོལ་འཛུགས་པ། ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་དག་ཐེར་སོགས་ཕྱོགས་ལྔའི་གཙོ་གནད་ནང་དོན་ལ་དམ་པོར་དམིགས་ཏེ་ལས་དོན་སྤེལ་དགོས་ཞེས་ནན་བཤད་གནང་ཞིང་། ཁོང་གིས་འབྲེལ་ཡོད་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་ལས་ཀའི་གཙོ་གནད་སྔར་བས་ཁ་གསལ་བཟོས་ཏེ་ཚད་མཐོའི་མཐོང་ཆེན་དང་། གཞོགས་འདེགས་དམ་ཟབ། སྒྲིག་ཁྲིམས་ནན་གཏོང་བཅས་བྱས་ནས་སློབ་གསོ་བཅོས་སྒྲིག་གི་ལས་དོན་ཁག་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
ཀྲོང་ཡན་གྱིས། ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པས་ཞིབ་བཤེར་རྩིས་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་གཙོ་གནད་དང་། བྱ་ཐབས། བླང་བྱ་བཅས་བཏོན་པར་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་སྲིད་ཁྲིམས་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དང་ལས་ཀའི་བླང་བྱ་དང་ཡང་ཡང་བསྡུར་ཏེ་རྣམ་འགྱུར་བརྟན་ཤོས་དང་། ཚད་གཞི་ནན་ཤོས། བྱ་ཐབས་ཤུགས་ཆེ་ཤོས་བཅས་ལ་བརྟེན་ནས་བཅོས་སྒྲིག་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པ་ཐུགས་གྲ་ལེགས་འགྲིག་ཡོང་བ་དང་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།