དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་དང་འབྲེལ་ཡིག་འབུལ་ཞུ་བཅར་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-17

    ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀོད་སྒྲིག་བླང་བྱ་ལྟར། ཚེས་14ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུས་སུ་ཕེབས་ནས་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་མ་ཟད། ཡིག་འབུལ་ཞུ་བཅར་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཏན་ཏིག་ལེན་དགོས་པ་དང་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལག་ལེན་བསྟར་བ་དང་། དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་ཟབ་ཏུ་གཏོང་བ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་ཡག་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་ཟམ་མི་ཆད་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    ཡིག་འབུལ་ཞུ་བཅར་སྣེ་ལེན་ལྟེ་གནས་སུ་ཡན་ཅིན་ཧའེ་ཡིས་གྱོད་གཞི་བསྣམས་ནས་གཤམ་སྐྱོད་དང་སྐབས་བསྟུན་ཡིག་འབུལ་ཞུ་བཅར་དང་ལེན་གྱི་རྣམ་པར་བརྟེན་ནས་ཞུ་བཅར་དུ་ཡོང་མཁན་མང་ཚོགས་3ལ་སྣེ་ལེན་ཞུས་པ་དང་། ཡིག་འབུལ་ཞུ་བཅར་གྱི་གནད་དོན་འབྱུང་ལུགས་འབྱུང་སྟངས་དང་གནད་དོན་གྱི་འབྱུང་རྩ་ཤེས་རྟོགས་གསལ་པོ་བྱེད་པ་དང་། ངང་རྒྱུད་རིང་པོས་རེ་ཞུ་གསན་པ། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་བསམ་འཆར་བརྗེ་རེས་བཅས་བྱས་རྗེས་ས་གནས་ས་ཐོག་ཏུ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་ལན་བཏབ་ནས་ཞུ་བཅར་དུ་ཡོང་མཁན་མང་ཚོགས་3གྱི་རེ་ཞུ་ཐག་གཅོད་ཡག་པོ་བྱེད་པར་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།

    ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཡན་ཅིན་ཧའེ་ཡིས་ཡིག་འབུལ་ཞུ་བཅར་ལས་དོན་ནི་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་མང་ཚོགས་ཀྱི་ལས་དོན་ཞིག་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་དང་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཀྱི་ལས་དོན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་མི་དམངས་ནི་རྒྱལ་སྲིད་ཡིན་པ”བློ་ལ་བརྟན་པོར་ངེས་ཏེ། མང་ཚོགས་ཀྱི་བློ་ལ་འབབ་མིན་དང་། དགའ་པོ་བྱེད་མིན། ཁས་ལེན་བྱེད་མིན་བཅས་ཚད་གཞིར་འཛིན་ནས་རང་འགུལ་ངང་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར་བྱེད་པ་དང་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པའི་བརྒྱུད་རིམ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་མང་ཚོགས་ཀྱི་ལས་དོན་ལེགས་པོ་སྒྲུབ་པའི་བརྒྱུད་རིམ་དུ་བརྩི་དགོས། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཁྲིམས་སྐྱོང་གི་བསམ་བློ་སྤྱོད་པ། ཁྲིམས་དང་སྲིད་ཇུས་ལྟར་བྱ་བ་ནན་པོ་སྒྲུབ་པ་བཅས་བྱས་ནས་ཡིག་འབུལ་ཞུ་བཅར་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་བསྒྲུབ་རྒྱུ་དེ་བརྟན་ལ་གོ་རིམ་ལྡན་པ་དང་ལུགས་དང་མཐུན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས། བསམ་བློ་གཏོང་མཁས་པོ་དང་། གནས་བརྗེའི་བསམ་བློ་གཏོང་བ། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་འདོན་པ་བཅས་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་འཁྱོངས། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་བྱེད་པ། ལས་དོན་སྒྲུབ་པའི་མཉམ་ཤུགས་ཆགས་པར་བྱེད་པ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དང་ཆུང་ས་ནས་སེལ་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།