དབུ་ཤོག>སྲིད་དོན།
  • ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་དམ་འཛིན་ལྷོད་མེད་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-17

    ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད་ལ་ཞིབ་འཇུག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་དོན་གང་ཡིན་པ་དང་། སྐྱེ་ཁམས་ཤེས་དཔལ་ཅི་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ་དང་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་གྲུབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། རྩ་དོན་གལ་ཆེན། འཐབ་ཇུས་ཀྱི་གཙོ་གནད་བཅས་གསལ་བཤད་གཏིང་ཟབ་གནང་ནས་ང་ཚོར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཚེ་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་ཐུབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད། དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་སྲོག་ཆགས་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པའི་ཐུན་མོང་གི་བསམ་འདུན་འདུས་པ་དང་། དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པའི་འགྱུར་མེད་ཀྱི་ཡིད་ཆེས་དང་ཆོད་སེམས་མཚོན་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྤྱོད་ཚུལ་གྱི་ཐོག་ནས་ལས་དོན་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་ཕན་འབྲས་དངོས་ལ་མཐའ་གཅིག་ཏུ་འགྱུར་བ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་བཅས་ཚོད་འཛིན་གྱི་ཐིག་གསུམ་ནན་སྲུང་བྱས་ཏེ་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ་བཅས་བྱས་ནས་ནགས་ཚལ་དང་། འདམ་ར། རྩྭ་ཐང་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་དམངས་ཕན་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་འཛུགས་པ་དང་། ས་མཐོའི་སྐྱེ་ཁམས་ཞིང་འབྲོག་ལས་དང་། ལྗང་མདོག་ལས་སྣོན་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས་སོགས་སྐྱེ་ཁམས་ཐོན་ལས་འཛུགས་སྐྲུན་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུ་གཏོད་པ་བཅས་བྱས་ནས་རི་སྔོན་ཆུ་དྭངས་དང་གངས་འཁྱག་ཀླུང་གསུམ་ལ་གསེར་རི་དངུལ་རི་ལྟ་བུའི་རིན་ཐང་ལྡན་པར་བྱས་ནས་མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་རིང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱེད་དགོས། བཅོས་སྐྱོང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། སྐྱེ་ཁམས་ལམ་ལུགས་དང་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་ཀྱི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་གི་ལྟ་ཞིབ་ཚོད་སྐོར་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་ནན་ཤོས་ལག་བསྟར་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་རྟོགས་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་དགོས། རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་ནན་ཏན་ངང་འཁུར་ཏེ། ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་སྤྱི་འགན་འཁུར་ནས་ལས་དོན་གལ་ཆེན་རང་ཉིད་ངོ་མས་བཀོད་སྒྲིག་དང་། གནད་དོན་གལ་ཆེན་རང་ཉིད་ངོ་མས་འདྲི་རྟོག ལྷུ་ཚིགས་གལ་ཆེན་རང་ཉིད་ངོ་མས་མཐུན་སྦྱོར། གྱོད་གཞི་གལ་ཆེན་རང་ཉིད་ངོ་མས་སྒྲུབ་གཉེར་བཅས་བྱས་ཏེ་བོད་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།