དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་སྤོམ་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-15

    ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་སྤོམ་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཉིན་གང་གི་དུས་ཚོད་སྤྱད་དེ་ཚོགས་ཞུགས་བློ་མཐུན་ཚོས་རང་ངོས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། 2022ལོའི་གཙོ་གནད་ལས་དོན་འཆར་གཞི། དེ་བཞིན་ལས་ཁུངས་འཛུགས་སྐྱོང་དང་ལས་ཀའི་ལམ་སྲོལ་སོགས་ཀྱི་སྐོར་གང་བསམ་ལྷུག་པོར་གླེང་བ་མ་ཟད། ཡང་དག་གནད་འཕིགས་ཀྱི་གྲོས་འགོ་ཡང་བཏོན་པ་རེད། ཀྲོང་ཡན་གྱིས་ད་ཐེངས་ཀྱི་སྤོམ་དོན་ཚོགས་འདུས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་རང་རྟོགས་ངང་གཞི་ཚུགས་པ། དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བཅས་བྱས་པར་ཕན་འབྲས་ཡག་པོ་ཐོན་ཡོད། ཚོགས་འདུའི་ཐོག་བྱུང་བའི་བསམ་བློའི་ཐུན་མོང་ངོས་འཛིན་དང་གཅིག་ཏུ་སྡུད་པའི་ཡིད་ཆེས་ཀྱི་སེམས་ཤུགས་དེ་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་སྒྱུར་དགོས་ཞེས་བསྟན་གནང་བ་རེད།

    ཀྲོང་ཡན་གྱིས་དུས་བབ་གསལ་རྟོགས་དང་སྤྱི་ཡོངས་སྟངས་འཛིན་བྱེད་པ་དང་། འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། བོད་ཀྱི་སྲིད་གྲོས་ཀྱི་དམིགས་བསལ་རང་བཞིན་དང་དམིགས་བསལ་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བྱ་རྒྱུ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། ཕན་འབྲས་དངོས་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། སློབ་སྦྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཏན་ཏིག་ཐུབ་པར་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། དེ་བས་དངོས་སྒྲུབ་དང་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པ། “གསར་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིར”ཞབས་འདེགས་ཞུ་བའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། གཞི་འཛིན་ས་ཡོད་པའི་སྐད་ཆ་མང་ཙམ་ཤོད་པ་དང་། གོ་ཆོད་པའི་ཐབས་ཇུས་མང་ཙམ་འདོན་པ། སྐུལ་འདེད་ཀྱི་ནུས་པ་མང་ཙམ་ཐོན་པ་བཅས་བྱེད་དགོས་པ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་འགག་སྒྲོལ་གསར་པ་ཡོང་བར་བྱས་ཏེ། དཔེ་བཟང་ལས་ཁུངས་གཏོད་པར་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་ལམ་ལུགས་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན། ལས་ཁུངས་འཁོར་རྒྱུག་གི་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ། ཆེད་དོན་ཨུ་ལྷན་གྱི་ཡན་ལག་ཏང་ཙུའུ་འཛུགས་སྐྱོང་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། ཏང་ཡོན་ཨུ་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་གཏོང་དགོས་པ། ཨུ་ཡོན་གྱིས་རང་འགན་གཙང་སྒྲུབ་བྱེད་པའི་ཕན་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ཧུར་སེམས་འཕེལ་ཐབས་བྱེད་དགོས་པ། དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་དར་སྤེལ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། “ཞིབ་བཤེར་བཞི་དང་རྩད་གཅོད་བཞི”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “གྲོཌ་པོ་སྒྲིག་པའི”བྱེད་སྒོ་ཡག་པོ་སྤེལ་བ། “ཨུ་ཡོན་གྱི་གཏམ་རྒྱུད”ཡག་པོ་ཤོད་པ་བཅས་བྱེད་དགོས་པ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་གསལ་ཐོ་འཐུས་སྒོ་ཚང་དུ་གཏོང་བ་དང་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ། གཞི་རིམ་སྲིད་གྲོས་ལ་མཛུབ་ཁྲིད་ནུས་ལྡན་དང་མཛུབ་ཁྲིད་གོ་ཆོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱས་ཏེ། ལས་ཀའི་ཉམས་མྱོང་སྤེལ་རེས་དང་ལྟ་སྐུལ་ཞིབ་བཤེར་དང་ཁྲིད་སྟོན་བྱས་ནས་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་བ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།